ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ4པའི་ཚེས30ཉིན་ཚོགས་འདུ་འཚོགས་ནས། ད་ལོའི་ཟླ7པར་པེ་ཅིན་དུ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྒྱུ་གཏན་འབེབས་བྱས་པ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་དང་། བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་རྒྱུ་རེད། ཚོགས་ཐོག་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། 《འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་ཀྱི་བསམ་འཆར་འགའ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་།
གྲོས་ཚོགས་ལས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། མིག་སྔའི་དུས་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་ རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ དང་མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པ་བཅས་ཀྱི་མདུན་དུ། ཅིས་ཀྱང་བཅོས་སྒྱུར་ལས་དོན་མདུན་ནས་མདུན་དུ་སྤེལ་དགོས་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་སྔར་ལས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན། དེ་མིན་ད་དུང་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་དྲང་བདེན་དྲང་གཞག་གི་ཕན་ཁེ་གང་མང་ཐོབ་པར་བྱེད་པ་དང་། མི་དམངས་ཡོངས་ཀྱི་དགོས་ངེས་ཀྱི་བླང་བྱ་ཡིན་པར་མ་ཟད། ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོའི་ངང་ཡུན་རིང་ལ་འཕེལ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། དེ་ལས་གཞན་ད་དུང་ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་སྒོས་བཅོས་སྒྱུར་ལས་དོན་སྔར་ལས་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་ཞེས་གསུངས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ཅིས་ཀྱང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་སྐོར་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་བརླིང་གི་ཁྲོད་དུ་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་དགོས།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་བྱས་ཏེ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་སྣེ་ཁྲིད་དུ་འཛིན་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་གཞི་འཛིན་ས་དང་རྐང་འཛུགས་སར་བརྩི་བ། མ་ལག་གཅིག་སྡུད་དང་གཙོ་གནད་འབུར་ཐོན་ལ་སྔར་ལས་མཐོང་ཆེན་བྱེད་པ། བཅོས་སྒྱུར་གྱི་ཕན་འབྲས་ལ་སྔར་ལས་མཐོང་ཆེན་བྱེད་པ་བཅས་བྱས་ནས། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། སྟེང་གི་བཀོད་པ། དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་། སྤྱི་ཚོགས་འཕེལ་རྒྱས་བཅས་སྔར་ལས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་ཆེན་པོ་མཁོ་འདོན་བྱེད་དགོས།
གྲོས་ཚོགས་སྟེང་ད་ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་ངར་སེམས་ཆེན་པོ་བསྐྱེད་དེ། དཔལ་འབྱོར་དམ་འཛིན་བྱས་ཏེ། དཔལ་འབྱོར་སླར་གསོ་ཡག་པོ་ཡོང་བའི་རྣམ་པ་སྲ་བརྟན་དུ་བཏང་བ་དང་དེར་ཤུགས་བསྣན་པའི་དབང་གིས། དཔལ་འབྱོར་འཁོར་སྐྱོད་ཁྲོད་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔར་ལས་ཇེ་མང་དུ་ཕྱིན་པ་དང་འགུལ་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་སྔོན་དཔག་ཇེ་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་ནས། འཕར་ཚད་ཅུང་མགྱོགས་པ་དང་གྲུབ་ཆ་ཇེ་ལེགས་སུ་ཕྱིན་པ། སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་ཕྱིན་པའི་ཁྱད་ཆོས་མངོན་ནས། དཔལ་འབྱོར་ལས་དོན་ཐད་འགོ་ཡག་པོ་ཞིག་རྩོམ་ཐུབ་ཡོད་པའི་ངོས་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྔར་བཞིན་འགྲན་སློང་མང་པོར་འཕྲད་ཡོད་དེ། གཙོ་བོ་ཕན་འབྲས་ལྡན་པའི་དགོས་མཁོ་ཡིས་སྔར་བཞིན་མི་འདང་བ་དང་། ཁེ་ལས་གཉེར་སྐྱོང་གི་གནོན་ཤུགས་སྔར་ལས་ཆེ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགལ་རྐྱེན་ཅུང་མང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་ཡོང་གིན་མེད་པ་བཅས་དང་། ཕྱི་ཕྱོགས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཚབས་ཆེ་བའི་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་པ་བཅས་ཡིན་ལ། དུས་མཚུངས་སུ་ཅིས་ཀྱང་མཐོང་ཐུབ་དགོས་པ་ཞིག་ནི། རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་ཡིན་པ་དང་དགེ་མཚན་མང་བ། མཉེན་ཆ་ཆེ་བ། སྦས་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། འགོ་ཡག་པོ་བརྩམས་ཡོད་པ་དང་སླར་གསོ་ཡག་པོ་ཡོང་ཐུབ་ཡོད་པ་ནི། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་རྩའི་ཁྱད་ཆོས་དང་འཕེལ་ཕྱོགས་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་རྒྱས་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། བརྟན་བརླིང་གི་ཁྲོད་དུ་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་དོན་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གྲུབ་པར་བྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཕེལ་ཕྱོགས་དང་བསྟུན་ནས་མདུན་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྔོན་དམ་རྗེས་ལྷོད་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཀག་སྟེ། དཔལ་འབྱོར་འཕར་སྣོན་ཡག་པོ་ཡོང་བའི་རྣམ་པ་སྲ་བརྟན་དང་དེར་ཤུགས་སྣོན་ཏན་ཏིག་རྒྱག་དགོས།
གྲོས་ཚོགས་ལས་བསྟན་དོན། སྔོན་ལ་ཤུགས་བསྣན་ནས་གཏན་འཁེལ་བྱས་ཟིན་པའི་སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱས་ཏེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། དུས་ཡུན་རིང་བོ་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྔ་ཙམ་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་ཀྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བཅས་བྱས་ཏེ། གཞི་རིམ་གྱི་“འགན་སྲུང་གསུམ”ལ་དུས་ཐོག་ཏུ་གཏོང་སྒོ་འདང་ངེས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། སྐྱེད་ཚད་དང་བཅོལ་དངུལ་གྲབས་དངུལ་གྱི་ཚད་སོགས་སྲིད་ཇུས་ཀྱི་ལག་ཆ་སྟབས་བསྟུན་སྒོས་བེད་སྤྱོད་བྱས་ཏེ། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་ནས། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་སྔར་ལས་ཇེ་དམའ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ལ་དཔྱད་འཇོག་སྔོན་དཔག་ཡག་པོ་བྱས་ནས། སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་བཏང་ནས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེས་བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས། འཛད་སྤྱོད་ཀྱི་རྣམ་པ་སྔར་ལས་གང་མང་གསར་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས། མི་གཞི་རྩར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ནན་མོ་བཏང་ནས། འཛད་སྤྱོད་དང་དངུལ་གཏོང་སྦས་ཤུགས་རྒྱུན་མཐུད་ངང་འདོན་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་ལམ་སྲོལ་གསར་པ་ལག་བསྟར་ཡག་པོ་བྱས་ཏེ། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་རྒྱས་པར་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་དགོས། ཉེན་འཁུར་དངུལ་གཏོང་འཕེལ་རྒྱས་ཧུར་ཐག་བཏང་ནས། ངང་རྒྱུད་རིང་མོའི་སྒོ་ནས་མ་རྩ་རྒྱ་སྐྱེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བར་གྱི་ཚོང་རྫས་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། གཞི་གྲངས་ཉོ་ཚོང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་བཅས་ཕྱིར་གཏོང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་འགུག་པ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་དོགས་ཟོན་དང་སེལ་དགོས། གྲོང་ཁྱེར་ལ་དམིགས་ཏེ་སྲིད་ཇུས་ལག་བསྟར་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ས་གནས་སྲིད་གཞུང་དང་ས་ཁང་བདག་ཁོངས་ཁེ་ལས། དངུལ་རྩའི་ལས་ཁུངས་བཅས་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། ཁང་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ། ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས། ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བའི་འགྱུར་ལྡོག་གསར་པ་དང་། མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་སྡོད་ཁང་ལ་རེ་སྒུག་གསར་པ་བྱེད་ཀྱིན་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། གསོག་འཇོག་ཁང་ཁོངས་འཇུ་རྒྱུ་དང་འཕར་ཚད་སྡོད་ཁང་ལེགས་སྒྱུར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལ་གཅིག་གྱུར་གྱིས་ཞིབ་འཇུག་བྱས་ཏེ། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པར་དམ་འཛིན་བྱས་ནས། ས་ཁང་བདག་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སེལ་བའི་ཇུས་གཞི་ལག་བསྟར་ཟབ་མོ་བྱས་ནས། བུ་ལོན་ཉེན་ཁ་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་གིས་བུ་ལོན་དངོས་སུ་ཇེ་ཉུང་དུ་གཏོང་བ་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། དངུལ་རྩའི་ལས་ཁུངས་ཆུང་འབྲིང་བཅོས་སྒྱུར་དང་ཉེན་འགོག་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་ནས། བྱེད་ཐབས་མང་པོ་སྤྱད་དེ་མ་རྩའི་ཚོང་ར་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་ནན་ཏན་བྱས་ཏེ། རྡོ་སོལ་གཙང་མ་ཕན་འབྲས་ཆེ་བའི་སྒོ་ནས་བེད་སྤྱོད་དང་། སླར་སྐྱེས་རུང་བའི་ནུས་ཁུངས་བསྡུ་ལེན་དང་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་ནས། “ཐཱན་རྩེར་སོན་གྱི་བྱ་སྤྱོད་ཆེན་མོ་བཅུ”རྒྱུན་མཐུད་དང་ནུས་ལྡན་ངང་སྤེལ་ནས། བེད་མེད་དངོས་པོ་རྙིང་པའི་འཁོར་རྒྱུག་བེད་སྤྱོད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་འཚོར་འགན་ལེན་ཇེ་ལེགས་སུ་གཏོང་བ་དང་། ལས་ཞུགས་ལ་འཛིན་པའི་ཁ་ཕྱོགས་མངོན་གསལ་ཡོང་བར་བྱས་ནས། ཡོང་འབབ་འབྲིང་དམའ་ཚོགས་སྤྱིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་འགན་སྲུང་དྲ་བ་དམ་པོ་འཛུགས་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་ཆས་གསར་སྒྱུར་དང་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་ནན་སྲུང་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།
གྲོས་ཚོགས་ལས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་ཐོད་བརྒལ་ཆེན་པོ་ཡོང་བར་བྱས་ནས། སྔོན་བསྟར་ལམ་བུ་འཚོལ་ཞིབ་དང་སྣེ་ཁྲིད་དཔེ་སྟོན། ཁྱབ་འགྱེད་སྣེ་ཁྲིད་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩར་དམ་འཛིན་གང་ལེགས་བྱས་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གནད་འགག་དང་ལྟེ་བར་གྱུར་བའི་ལག་རྩལ་ལ་ཐོད་བརྒལ་གསར་པ་གང་མགྱོགས་ཡོང་བར་བྱས་ནས། སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྟོབས་ལྡན། འབྱུང་འགྱུར་ཐོན་ལས་གསོ་སྐྱོང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། ཁྱབ་ཁོངས་སྔར་ལས་ཆེ་བའི་ཁྲོད་དུ་མཉམ་འགུལ་ངང་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ། མཁོ་སྤྲོད་ཕྲེང་འབྲེལ་བཅས་འཛུགས་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། སྲིད་འཛིན་བཀག་རྒྱ་གཏོར་བ་དང་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་ཟབ་སྤེལ་དང་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་གང་ལེགས་ཡོང་བར་བྱས་ཏེ། རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་དགེ་མཚན་གསར་པ་གསར་བཞེངས་བྱེད་དགོས། མ་མཐའི་བསམ་གཞིགས་ཀྱི་ཚད་མཐའ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་ཡག་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་དང་མཉམ་སྐྱོང་། ས་ཁོངས་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་གྱིས་སྣེ་ཁྲིད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པ། ཅང་སུའུ་དང་ཀྲེ་ཅང་། ཨན་ཧོས་བཅས་ཞིང་ཆེན་གསུམ་གྱིས་རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ནས། ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་འབྲི་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།