ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི་ཞུས།
2024.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་པའི་སྐབས་དང་བསྟུན་ནས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རྒྱལ་ཡོངས་མི་རིགས་སོ་སོའི་ན་གཞོན་ཚོས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་ནས། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་གང་ཅིའི་ཐད་ཀྱི་རུ་འདྲེན་པ་དང་སྟོབས་ཤུགས་གསར་པ་བྱས་ཏེ། རང་རྟོན་རང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་བསམ་པའི་ཉམས་སྣང་མངོན་གང་ཐུབ་བྱེད་དགོས། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ན་གཞོན་ཚོར་ཡིད་ཆེས་གང་ལེགས་དང་རེ་བ་ཆེན་པོ་བཅོལ་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ105འཁོར་བའི་ལོ་ཡིན། རྒྱ་ཆེའི་ན་གཞོན་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཕུགས་བསམ་ཡོད་པ་དང་འགན་ཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་ཆེ་བ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་བོ་ཞིག་ཏུ་འགྱུར་བར་བརྩོན་ལེན་གང་ལེགས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ། ལང་ཚོའི་བྱས་རྗེས་མངོན་པ་དང་ལང་ཚོའི་གསོན་ཉམས་མངོན་པ། ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལང་ཚོའི་ལེའུ་མུ་མཐུད་འབྲི་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གིས་ན་གཞོན་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། ན་གཞོན་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ། ན་གཞོན་འཚར་ལོངས་ལ་སེམས་ཁུར་བྱེད་པ། རྒྱ་ཆེའི་ན་གཞོན་ཚོས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བྱེད་དགོས། གུང་གཞོན་ཚོགས་པས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་ཏང་གིས་སྤྲད་པའི་ལས་འགན་ཕྲག་ཏུ་འཁུར་ནས། སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དར་སྤེལ་བཏང་སྟེ། རྒྱ་ཆེའི་ན་གཞོན་རྣམས་ལ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ཏང་དང་མི་དམངས་ཀྱི་ལས་དོན་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།