ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
2024.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ས་གནས་དེའི་ཟླ5ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རེ་སིའི་ཨེ་ལིས་ཧྲི་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རེ་སིའི་ཨེ་ལིས་ཧྲི་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་སྐབས་འདིར། ཙུང་ཐུང་མ་ཁི་ལུང་གིས་གདན་ཞུ་གནང་བ་ལྟར། ཡང་བསྐྱར་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་གནང་ཐུབ་སོང་བས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅིང་། ཙུང་ཐུང་མ་ཁི་ལུང་དང་མཉམ་དུ་གྲུབ་འབྲས་སྣ་མང་འཛོམས་པའི་གྲོས་མོལ་བྱས་ཡོད། ངེད་གཉིས་ཀྱིས་གཅིག་གྱུར་གྱིས་བལྟས་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྩ་ཆེའི་ལོ་རྒྱུས་དང་ཁྱད་འཕགས་ཀྱི་རིན་ཐང་། འོས་འགན་གལ་ཆེན་བཅས་ལྡན་པར་མ་ཟད། ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་སྟོབས་ཤུགས་རྒྱུན་འཛིན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དགོངས་དོན་དར་སྤེལ་གཏོང་བ་དང་དུས་རབས་གསར་པར་དོན་སྙིང་བསྩལ་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་རྗེས་ཕྱོགས་ཀྱི་ལོ་འཁོར་དྲུག་ཅུའི་སྐྱོད་ལམ་གསར་པ་སྒོ་འབྱེད་བྱེད་དགོས་ཞེས་གསུངས།

ས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རེ་སིའི་ཨེ་ལིས་ཧྲི་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ང་དང་མ་ཁི་ལུང་གཉིས་ཀྱིས་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་ཐག་གཅོད་བྱས་ཡོད་དེ།

གཅིག་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་བརྟན་འཇགས་སྲ་བརྟན་དུ་གཏོང་རྒྱུ། ངས་ཙུང་ཐུང་མ་ཁི་ལུང་གིས་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་གནང་བར་དགའ་བསུ་ཞུ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་བསྐྱར་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རིམ་པ་མང་པོ་དང་ཟུར་ཚད་མང་པོའི་བརྗེ་རེས་ཐབས་ལམ་བཀོལ་སྤྱོད་བཟང་པོ་བྱ་རྒྱུ་དང་། སྲིད་ཇུས་ལངས་ཕྱོགས་ཐད་ནས་དུས་ལྟར་འབྲེལ་འདྲིས་དང་མཐུན་སྦྱོར་བྱ་རྒྱུ།

གཉིས་ནི་གཉིས་ཕན་མཉམ་ལས་ཀྱི་སྦས་ཤུགས་ཟབ་མོ་སྔོག་འདོན་བྱ་རྒྱུ། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཉོ་ཚོང་ཐད་ཀྱི་བཟང་ཕྱོགས་སུ་འཕེལ་བའི་རྣམ་པར་སྐུལ་འདེད་གཏོང་བ་དང་། ཞིང་ཐོན་ཟས་རིགས་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མཁའ་སྐྱོད་དང་མཁའ་འགྲུལ། དམངས་བཀོལ་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ། ལྷད་མེད་ནུས་ཁུངས་དང་རིག་ནུས་བཟོ་བསྐྲུན། སྐྱེ་དངོས་སྨན་རྫས། མིས་བཟོས་རིག་ནུས། ཕྱོགས་གསུམ་པའི་ཚོང་ར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བཟོ་བསྐྲུན་ལས་རིགས་ཕྱོགས་ཡོངས་ནས་སྒོ་འབྱེད་བྱེད་པ་མངོན་འགྱུར་བྱས་ཏེ། གློག་འཕྲིན་དང་། སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཚོང་རར་ཞུགས་པའི་མྱུར་ཚད་ཇེ་མགྱོགས་དང་སྒོ་འབྱེད་བྱེད་ངེས་ཡིན། ང་ཚོས་ཕན་ཚུན་བར་གྱི་དངུལ་གཏོང་རྒྱ་བསྐྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། སོ་སོའི་རྒྱལ་ཁབ་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་པར་འབད་འབུངས་བྱ་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲི་ལས།  ཕྱོགས་གཉིས་ཀྱིས་ལས་དོན18འདུས་པའི་སྡེ་ཁག་བར་གྱི་མཉམ་ལས་གྲོས་གཞིའི་སྟེང་མིང་རྟགས་བཀོད་པ་དང་། དེའི་ཁྲོད་མཁའ་འགྲུལ་དང་། ཞིང་ལས། མི་ཆོས། ལྷད་མེད་འཕེལ་རྒྱས། ཁེ་ལས་འབྲིང་ཆུང་སོགས་ཀྱི་མཉམ་ལས་འདུས་ཡོད།

གསུམ་ནི་ཕྱོགས་གཉིས་ཀྱིས་མི་ཆོས་བརྗེ་རེས་ཇེ་དམ་དུ་གཏོང་རྒྱུ། ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོའི་གོ་སྐབས་དང་བསྟུན་ནས། སློབ་གསོ་དང་ལུས་རྩལ། གློག་བརྙན་བརྙན་འཕྲིན། ན་གཞོན། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཧྥ་རན་སིས་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་བཟང་པོར་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཧྥ་རན་སིའི་གྲོགས་པོ་སྔར་ལས་མང་བོ་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་བཞིན་ཡོད།  ཧྥ་རན་སི་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་སྤྱི་དམངས་དུས་ཡུན་ཐུང་ངུའི་ནང་ཀྲུང་གོར་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཡུན་ཚད་དེ2025ལོའི་ལོ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ལ། ཧྲང་ཧེ་ནས་མཱ་སེ་རུ་བསྐྱོད་པའི་ཐད་འཕུར་གནམ་གྲུ་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལོ150སྔོན་ལ་ཧྥ་རན་སིའི་མི་སྣ་འཛུགས་སྐྲུན་ཁྲོད་ཞུགས་ཡོད་པའི་ཀྲུང་གོ་ཧྥུའུ་ཅན་གྲུ་གཟིངས་སྲིད་སྒྲུབ་སློབ་གླིང་དང་། དུས་རབས་གོང་མའི་དུས་མགོར་ཧྥ་རན་སིར་སོང་ནས་ལས་བརྩོན་ཡོན་གཉེར་བྱེད་པའི་འགུལ་སྐྱོད་སོགས་ནི་རྒྱལ་ཁབ་གཉིས་ཀྱི་སློབ་གསོ་བརྗེ་རེས་ལོ་རྒྱུས་སྟེང་གི་གླེང་རིན་ཡོད་པའི་གཏམ་རྒྱུད་ཡིན། ཀྲུང་གོས་ཧྥ་རན་སིས་ད་ལོའི་ཀྲུང་གོའི་རྒྱལ་སྤྱིའི་སློབ་གསོའི་ལོ་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་འགན་ཁུར་པར་དགའ་བསུ་ཞུ་བཞིན་ཡོད་ལ། མ་འོངས་པའི་ལོ3ནང་ཧྥ་རན་སི་ནས་ཡོང་བའི་ཕྱི་འགྲིམས་སློབ་མ་ཁྲི་གཅིག་ལས་བརྒལ་བ་དང་། ཡོ་རོབ་གླིང་གི་ན་གཞོན་ཀྲུང་གོར་ཡོང་ནས་བརྗེ་རེས་བྱེད་པའི་གཞི་རྒྱ་ལྡབ་གཅིག་གིས་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན།

བཞི་ནི་འཛམ་གླིང་ཧྲིལ་བོའི་མཉམ་ལས་ཀྱི་ཐུན་མོང་འདུ་ཤེས་ཆེན་མོ་གཅིག་སྡུད་བྱ་རྒྱུ། ནམ་ཟླའི་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། མིས་བཟོས་རིག་ནུས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་དང་། རྒྱལ་སྤྱིའི་དངུལ་རྩའི་མ་ལག་བཅོས་སྒྱུར་སོགས་ཁྱབ་ཁོངས་ནས་གྲོས་སྡུར་བྱེད་པར་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིས2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་སྦྲེལ་མཐུད་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་འཛམ་གླིང་དེ་འདྲ་བདེ་འཇགས་མིན་པས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འགན་ཁུར་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་ཕ་རེ་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ། འགྲན་ཚོགས་སྐབས་སུ་འཛམ་གླིང་ཧྲིལ་བོས་འཐབ་འཁྲུག་མཚམས་འཇོག་པའི་གྲོས་གཞི་འདོན་རྒྱུར་འཐད་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་ཟླ་ད་ལྟའི་བར་རྒྱུན་བསྲིངས་པས། དེ་ནི་མིའི་རིགས་ཀྱི་སྐྱེས་ཐོབ་ཤེས་ནུས་ཀྱི་ཉམས་ལེན་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འདིའི་ཐད་བྱས་རྗེས་འཇོག་དགོས། ང་ཚོས་ཅ་ཧྲ་ས་ཁུལ་ནས་མྱུར་མོར་ཕྱོགས་ཡོངས་དང་རྒྱུན་མཐུད་ཀྱི་འཐབ་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་སྟེ། ཕ་ལེ་སི་ཐན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ངོ་མར་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡང་བསྐྱར་མགོ་བརྩམས་ཏེ་དབུས་ཤར་ས་ཁུལ་དུ་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་དགོས་ཞེས་གསུངས།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས། ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་པོར་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཀྲུང་གོ་ནི་ཉམས་ཉེན་གྱི་བཟོ་སྐྲུན་མཁན་མིན་ལ། དོ་བདག་པ་དང་ཟབ་ཞུགས་མཁན་ཀྱང་མིན་པས། ང་ཚོས་ལྟད་མོར་བལྟས་ནས་བསྡད་མེད་ལ་ནམ་ཡང་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་ནུས་པ་བཟང་པོ་འདོན་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤ་ཡ་གླིང་གི་ལས་དོན་དམིགས་བསལ་འཐུས་མིས་ཕྱོགས་གསུམ་གྱི་འགྲོ་འོང་བརྗེ་རེས་སྒོ་འབྱེད་བྱས་ཡོད། དེ་དང་མཉམ་དུ། ང་ཚོས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་སྐྱོན་འཛུགས་དང་ཁག་དཀྲི་བྱས་ནས་འཇམ་འཐབ་གསར་བ་སློང་བར་ངོ་རྒོལ་བྱ་རྒྱུ་ཡིན། ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་བདེན་དཔང་བྱ་ཐུབ་པ་ནི་འགལ་ཟླ་ཅི་ཞིག་ཡིན་ཀྱང་མཇུག་མཐར་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་དེ་ཡིན།  ང་ཚོས་ཕྱོགས་སོ་སོས་འབྲེལ་འདྲིས་གྲོས་མོལ་བྱས་ནས། ཕན་ཚུན་བར་གྱི་ཡིད་ཆེས་རིམ་བཞིན་ཇེ་ཟབ་ཏུ་གཏོང་བའི་འབོད་སྐུལ་གཏོང་བཞིན་ཡོད། འོས་འཚམ་གྱི་སྐབས་སུ་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཁས་ལེན་ཞིང་། ཕྱོགས་སོ་སོ་འདྲ་མཉམ་སྒོས་ཞུགས་པ། དྲང་གཞག་སྒོས་གྲོས་སྡུར་བྱེད་པའི་ཞི་བདེའི་ཇུས་གཞི་ཡོད་ཚད་འདུ་བའི་རྒྱལ་སྤྱིའི་ཞི་བདེའི་གྲོས་མོལ་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དོ་སྙོམ་དང་ཕན་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་གླིང་གི་བདེ་འཇགས་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པའི་ལོ་ཡིན་པས། ལོ་ངོ75རིང་གི་དཀའ་སྤྱད་འབད་འཐབ་བརྒྱུད་དེ། ཀྲུང་གོའི་རྒྱལ་སྤྱིའི་མངོན་སྟངས་དང་མི་དམངས་ཀྱི་འཚོ་བར་གནམ་ས་བློ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཀྱང་། ང་ཚོའི་ཞི་བདེ་འཆམ་མཐུན་གྱི་གཤིས་ཀ་དང་། བཟོད་སྒོམ་ཆེན་མོའི་བློ་ཁོག དྲང་གཞག་དྲང་བདེན་གྱི་འཚོལ་སྙེག་ལ་གཏན་ནས་འགྱུར་བ་བྱུང་མྱོང་མེད་ལ། དེ་ནི་ལོ་ངོ5000རིང་གི་ཀྲུང་ཧྭའི་དཔལ་ཡོན་ནས་རྩ་བ་ཚུགས་ཤིང་། ཀྲུང་གོ་མི་དམངས་ཀྱི་བླ་སྲོག་དང་འབྲེལ་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཀྲུང་གོས་ཧྥ་རན་སི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས། ལག་རྡང་སྦྲེལ་ནས་མཉམ་སྐྱོད་དང་དཀའ་ངལ་མཉམ་སེལ་བྱས་ཏེ་མ་འོངས་པ་མཉམ་སྐྲུན་བྱ་འདོད་ཡོད་ཅེས་གསུངས།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར