ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་མུའུ་ལི་ནུའོ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.05.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཉེ་ལམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་སེ·ལའོ་ཨར·མུའུ་ལི་ནུའོ་ལ་གློག་འཕྲིན་བཏང་ནས་ཁོ་རང་ཕ་ན་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།   2017ལོའི་ཟླ6པར།  ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བའི་ལེའུ་གསར་པ་བྲིས་ཡོད། འབྲེལ་བ་བཙུགས་ནས་ལོ་བདུན་ཙམ་གྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་སོང་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་ཐོབ་ཡོད། ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་།  ཀྲུང་གོ་དང་ཕ་ན་མའི་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། ཀྲུང་ཕ་ན་མ་ནི་ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་གཉིས་ཕན་མཉམ་རྒྱལ་གྱི་ཟླ་གྲོགས་བཟང་པོ་ཡིན།   ངས་ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ་ཙུང་ཐུང་མུའུ་ལི་ནུའོ་དང་མཛའ་མཐུན་འགྲོ་འོང་བྱས་ཏེ།   ཀྲུང་གོ་དང་ཕ་ན་མའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་དང་གཏིང་ཟབ་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ནས།   རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།