ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་གནང་རྗེས། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་གནང་རྗེས། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་གྱིས་ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི། ཁོང་གིས་སྐབས་གསར་པའི་ཙུང་ཐུང་གི་འགན་འཁུར་མགོ་བརྩམས་རྗེས་ཀྱི་འཚམས་འདྲི་བྱེད་ཐེངས་ཐོག་མ་ཡིན་པ་འདིའི་སྟེང་ནས། ཙུང་ཐུང་ཕུའུ་ཅིན་རང་ཉིད་དང་ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་གང་ལེགས་སྒོས་མཚོན་ཐུབ། ཙུང་ཐུང་ཕུའུ་ཅིན་འཚམས་འདྲིར་ཕེབས་པར་ངས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་ཡིན། ཅང་མ་འགོར་བའི་སྔོན་ལ། ངས་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ། ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་བཟུང་ནས་ནང་དོན་ཕུན་སུམ་ཚོགས་པའི་གྲོས་མོལ་གནང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་གི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་ངེས་ཅན་ཕྱིན་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བ་དང་དེ་བཞིན་མཉམ་དུ་སེམས་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་འཆར་འགོད་དང་བཀོད་སྒྲིག་གང་ལེགས་བྱས། དེ་མིན་ད་དུང་ང་ཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་སྐབས་སུ། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མིང་བཀོད་དེ་དངོས་སུ་འགྲེམ་སྤེལ་བྱས་ནས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་བར་དང་སྡེ་ཁག་སོ་སོའི་བར་གྱི་མཉམ་ལས་ཡིག་ཆ་གལ་ཆེན་མང་པོ་བཀོད་པར་དངོས་སུ་བདེན་དཔང་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། དུས་རབས་གཅིག་གི་བཞི་ཆའི་གསུམ་གྱི་དུས་ཡུན་རིང་མོའི་ཁྲོད་དུ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་ཀྱག་ཀྱོག་གི་དཀའ་སྡུག་གང་མང་བརྒྱུད་མཐར་གཞི་ནས་དུས་ཡུན་རིང་པོར་སྲ་བརྟན་དུ་གྱུར་ཡོད། ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་གནས་བབ་རྒྱུན་མཐུད་ངང་ཇེ་བརྟན་དུ་ཕྱིན་པ་དང་མཉམ་ལས་ཀྱི་ནང་དོན་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འདུ་ཤེས་མི་སེམས་ཀྱི་ཟབ་སར་སིམ་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་གྲུབ་འབྲས་མངོན་གསལ་ཅན་འདི་དག་ཐོབ་ཐུབ་པའི་རྒྱུ་མཚན་ནི། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ“རྒྱུན་འཁྱོངས་བྱེད་དགོས་པ་ལྔ”མཐའ་གཅིག་ཏུ་བསྒྲུབས་པ་ལས་བྱུང་བ་ཡིན། གཅིག་ནས་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཁེ་ཕན་གཙོ་བོའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་མཉམ་ལས་གཉིས་ཕན་སྒུལ་ཤུགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་འཛུགས་དགོས། གསུམ་ནས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྨང་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་དཔལ་འབར་མཉམ་དུ་བརྒྱུད་སྤྲོད་བྱེད་དགོས། བཞི་ནས་འཐབ་ཇུས་མཉམ་ལས་འདེགས་སྐྱོར་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་དགོས། ལྔ་ནས་དྲང་གཞག་དྲང་བདེན་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། གླེང་མང་བའི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་རྩེ་གཅིག་ཏུ་འབད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ75རིང་ལ། ཉམས་མྱོང་མང་པོ་གསོག་འཇོག་གང་ལེགས་བྱས་པ་བརྒྱུད། ཀྲུང་གོ་དང་ཨུ་རུ་སིའི་རྒྱལ་ཁབ་གཉིས་ཀའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་ཕྱོགས་ཡོངས་མཉམ་ལས་དེ་ཕྱོགས་གཉིས་ཀར་མཚོན་ནས་བཤད་ན། དཀའ་སྡུག་དང་འགལ་རྐྱེན་ཅི་རིགས་ལ་མི་སྐྲག་པར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་དུ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཕན་ཚུན་གཞོགས་འདེགས་སྒོས་འགན་འཁུར་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་རྒྱུ་དང་འཛམ་གླིང་གི་བདེ་འཇགས་དང་བརྟན་བརླིང་ལ་ལེགས་སྐྱེས་འོས་འཚམ་འབུལ་རྒྱུ་ཡིན་ཞེས་གསུངས།

ཕུའུ་ཅིན་གྱིས་ཨུ་རུ་སིས་ཀྲུང་གོ་འདི་ཉིད་ཡུན་རིང་བློ་གཏད་ཆོག་པའི་མཉམ་ལས་ཟླ་གྲོགས་སུ་བརྩིས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏོང་འདོད་ཡོད། “ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོའི”བྱེད་སྒོ་ཡག་པོ་གཉེར་ནས། མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་གཏོང་འདོད་ཡོད། ཨུ་རུ་སི་དང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་སྟེང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ནས། སྔར་ལས་དམངས་གཙོ་ཡིན་པའི་སྣེ་མང་ཅན་གྱི་འཛམ་གླིང་སྒྲིག་སྲོལ་གྲུབ་པར་སྐུལ་འདེད་གཏོང་ཆེད་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པས། གསེར་གྱོམ་རྒྱལ་ཁབ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་གི་མཉམ་ལས་དང་། དེ་བཞིན་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་ལ་མུ་མཐུད་ཤུགས་བསྣན་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧི་ལིས་ཧྥུན། ཀྲང་གོ་ཆིན། ཧྲིན་དབྱི་ཆིན་སོགས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།