སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཡན་ཆིན་ཆུས་པཱ་ཏ་ལིན་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་ཚོར་འཕྲིན་ལན་བསྐུར་བར་སྤྱི་ཚོགས་ལས་རིགས་སོ་སོས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུའི་ཐད་ནས་སྐུལ་ལྕག་ཆེན་པོ་ཐེབས།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ5པའི་ཚེས14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་ཡན་ཆིན་ཆུས་པཱ་ཏ་ལིན་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་ཚོར་འཕྲིན་ལན་བསྐུར་ནས། ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་རང་བཞིན་དང་ཀྲུང་ཧྭའི་ཤེས་རིག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། དེར་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དང་བློ་སེམས་གཅིག་སྒྲིལ། བློ་བརྟན་འགྱུར་མེད་བཅས་ཀྱི་རྒྱལ་གཅེས་བརྩེ་སེམས་གཅིག་འདུས་བྱས་ཡོད་པ་ནན་གྱིས་གསུངས་པ་དང་། ཡུལ་མི་ཚོར་མི་སྔར་ལས་མང་པོས་ལྕགས་རི་རིང་པོ་ཤེས་རྟོགས་དང་སྲུང་སྐྱོབ་བྱ་རྒྱུར་སྐུལ་ཁྲིད་བྱས་ནས། མེས་པོས་བཞག་པའི་རྒྱུ་ནོར་རྩ་ཆེན་འདི་ཉིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་གང་ལེགས་བྱེད་དགོས་པར་སྐུལ་ལྕག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་སྤྱི་ཚོགས་ལས་རིགས་སོ་སོའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། 

ལྕགས་རི་རིང་པོའི་འདབས་རོལ་གྱི་ཧྲི་ཞ་གྲོང་ཚོའི་གྲོང་མིར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས་སྐུལ་མ་ཆེན་པོ་ཐེབས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་དགོས་ཟེར།

ལྕགས་རི་རིང་པོའི་འདབས་རོལ་གྱི་རི་གྲོང་ཆུང་ཆུང་དེར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་བཟུང་། གྲོང་མི་ཚོས་རང་རྟོགས་སྒོས་ལྕགས་རི་རིང་པོའི་སྟེང་གནས་པའི་གད་སྙིགས་འཐུས་ནས། ཡུལ་སྐོར་བར་ལྕགས་རི་རིང་པོའི་རི་ཐང་གང་སར་གང་འདོད་དུ་འཛེག་མི་རུང་བའི་ཐད་ནས་ཁ་ཏ་སློབ་གསོ་བྱས་པ་དང་། ཕྱིས་སུ་ཁོ་ཚོས་ལྕགས་རི་རིང་པོའི་སྲུང་སྐྱོབ་མཐུན་ཚོགས་བཙུགས་ནས་ལྕགས་རི་རིང་པོར་སྲུང་སྐྱོབ་བྱས། ལྕགས་རི་རིང་པོའི་རྣམ་པ་སོར་ཆུད་དང་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་པའི་འགྲོས་དང་བསྟུན་ནས། 2020ལོར་ཧྲི་ཞ་གྲོང་ཚོ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་ཁྲོད་བདམས་པ་དང་། དེང་སྐབས་གྲོང་ཚོའི་ཡུལ་སྐོར་སྡོད་ཁང་གིས་ལོ་གཅིག་གི་ནང་ཡུལ་སྐོར་བ་ཁྲི་བཞི་ལྷག་སྣེ་ལེན་བྱེད་ཀྱིན་ཡོད།

ལྕགས་རི་རིང་པོ་ནི་རང་རྒྱལ་ད་ཡོད་ཀྱི་གཞི་གྲངས་ཆེ་ཤོས་དང་ཁྱབ་ཚུལ་ཆེ་ཤོས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་རི་རིང་པོའི་རིག་གནས་རིན་ཐང་སྔོག་འདོན་དང་རིག་དངོས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད། ཧྲི་ཞ་གྲོང་ཚོའི་ཡུལ་མི་ཚོར་སྤྲིངས་པའི་འཕྲིན་ལན་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་དེར་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། ཚང་མས་མུ་མཐུད་འབད་བརྩོན་དང་ཡུན་རིང་བྱས་རྗེས་བཞག་ནས། རང་གི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པ་ལྟར་ལྕགས་རི་རིང་པོར་སྲུང་སྐྱོབ་ཡག་པོ་བྱ་རྒྱུའི་ཐུགས་རེ་བཏོན། མངགས་བཅོལ་ཟབ་མོ་གནང་བ་དེས་ལྕགས་རི་རིང་པོའི་རྒྱུད་ཀྱི་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ལ་ལྕགས་རི་རིང་པོར་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཚོར་དུ་བཅུག་ཡོད།

རིག་དངོས་ནི་གསོན་པོར་གནས་པའི་ལོ་རྒྱུས་ཡིན་ལ་རིག་གནས་ཡིད་རྟོན་གྱི་རྨང་གཞི་ཡང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་འགྲེང་སྟེ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་དང་རྒྱས་བཤད་གཏིང་ཟབ་གནང་མྱོང་། 2023ལོའི་ཟླ6པར་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་རྒྱུན་འཛིན་བྱེད་ཐབས་ཆེས་ཡག་ཤོས་ནི་ལོ་རྒྱུས་གསར་པ་བསྐྲུན་རྒྱུ་དེ་ཡིན་པ་དང་། མིའི་རིགས་ཀྱི་ཤེས་རིག་ལ་གུས་བཀུར་བྱེད་ཐབས་ཆེས་ཡག་ཤོས་ནི་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་བསྐྲུན་རྒྱུ་དེ་ཡིན་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།