ཞི་ཅིན་ཕིང་གིས་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐད་ནས་དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའེ་ཞི་གྱེན་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐད་ནས་དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་དང་། ཙུང་ཐུང་ལའེ་ཞིའི་ཁྱིམ་མི། དབྱི་ལིང་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ལའེ་ཞི་ཡིས་འགན་ཁུར་བའི་རིང་ལ། དབྱི་ལིང་གི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་འཕེལ་རྒྱས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཀྲུང་གོ་དང་དབྱི་ལིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་འབད་བརྩོན་ལྷོད་མེད་བྱས་ཡོད། ཁོ་རང་རྐྱེན་ལམ་དུ་ཤོར་བ་དེ་ནི་དབྱི་ལིང་མི་དམངས་ཀྱི་གྱོང་གུན་ཚབས་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོའི་མི་དམངས་ལ་གྲོགས་པོ་བཟང་པོ་ཞིག་ཇེ་ཉུང་དུ་སོང་བ་རེད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་དབྱི་ལིང་གི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་མཐོན་ཆེན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་ལ་བརྟེན་ན། ཀྲུང་གོ་དང་དབྱི་ལིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས།

རིག་འཛིན་སྒྲོལ་མས་བསྒྱུར།