ཞི་ཅིན་ཕིང་གིས་ཡོ་ནན་གྱི་ཀྲུའུ་ཞི་གསར་པ་སུའུ་ལིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2024.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའུ་ལིན་ལ་གློག་འཕྲིན་བཏང་སྟེ། ཁོས་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་ནན་ནི་རི་ཆུ་འདབས་འབྲེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་བཟང་པོ་ཡིན། ན་ནིང་ངས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་དང་ཏང་ཁག་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་འབྲི་མགོ་བརྩམས་ཡོད། ང་རང་དགའ་འོས་པ་ཞིག་ལ། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོ་དང་ས་གནས་སོ་སོས་ད་ལྟ་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མྱུར་དུ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད། དེར་འཕེལ་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དེ་རེད། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། བློ་མཐུན་ཀྲུའུ་ཞི་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་འཛུགས་པར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བོ་བསྐྲུན་འདོད་ཡོད་ཅེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།