ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་གཉིས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ5པའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་ལོ་ངོ་སྟོང་གི་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་བཟང་པོ་དང་བློས་ཐུབ་གྲོགས་པོ། མཉམ་ལས་མཉམ་རྒྱལ་གྱི་ཟླ་གྲོགས་བཅས་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་དང་། སྐྱིད་སྡུག་མཉམ་མྱོང་། འཕེལ་རྒྱས་མཉམ་གཉེར་བཅས་བྱས་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་བར་གྱི་འབྲེལ་བ་དུས་ནམ་ཡང་ས་གནས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། 2023ལོར། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་རྒྱུའི་ཐུན་མོང་འདུ་ཤེས་གལ་ཆེན་གཅིག་འདྲིལ་བྱུང་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་གསར་པར་སླེབས། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་འབྲེལ་བ་ཚང་མའི་སེམས་སུ་འཇགས་པར་བྱས་ནས།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་འཛད་མེད་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱས། ཅང་མ་འགོར་བའི་སྔོན། ཀྲུང་གོའི་ཐེན་ཅིན་སློབ་ཆེན་ལ་སློབ་གཉེར་དུ་ཡོང་བའི་མ་ལེ་ཞི་ཡའི་སློབ་མས་མཉམ་དུ་བྲིས་པའི་འཕྲིན་ཡིག་འབྱོར་ཞིང་།  ཁོ་ཚོས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་བརྩེ་བརྒྱུད་སྒྲོག་པ་དང་སྐུལ་འདེད་པ་བྱས་ནས།  རང་གིས་སྦྱངས་པའི་ཤེས་བྱས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བཅངས་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་བྱ་གཞག་ལ་རྒྱུད་འཛིན་བྱེད་མཁན་ཡོད་པས་ང་རང་བློ་བདེ་བོ་བྱུང་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་ཞིག་ཏུ་སླེབས་ཡོད། ངས་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་མཉམ་དུ། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་གྲུབ་འབྲས་གསར་པ་རྒྱུན་མཐུད་ངང་ལེན་པར་སྣེ་ཁྲིད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཆེད། ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི་རྗེས་ཕྱོགས་ཀྱི་འོད་སྟོང་འབར་བའི་ལོ་ངོ་ལྔ་བཅུ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་ནན་གྱིས་གསུངས། 

དབྱི་པུའུ་ལཱ་ཞིན་གྱིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་རིང་། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་མཐོང་ཆེན་དང་ཡིད་རྟོན་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བླངས།  2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། རིག་གནས། དམངས་ཁྲོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་དང་རྒྱ་སྐྱེད་བྱུང་། མ་ལེ་ཞི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་མཉམ་དུ་རྟེན་འབྲེལ་ཞུ་བའི་དུས་འདིར། མ་ལེ་ཞི་ཡས་དུས་ནམ་ཡང་ཀྲུང་གོ་དང་ལག་རྡང་མཉམ་སྦྲེལ་གྱིས་འབད་འཐབ་བྱེད་པ་དང་། མཉམ་དུ་དར་རྒྱས་སུ་བཏང་སྟེ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྒྱུན་མཐུད་སྒོས་ཕན་བདེ་བསྐྲུན་རྒྱུ་ཡིན།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པ་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ནས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མི་དམངས་འགྲོགས་འདྲིས་ཆེ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས། 

ཨན་ཝ་ཨར་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་མཐོང་ཆེན་དང་ཡིད་རྟོན་བྱེད་པའི་རྨང་གཞིའི་སྟེང་ལོ་རྒྱུས་རྡོ་རིང་ལྟ་བུའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འཚམས་འདྲི་དང་རྗེས་དྲན་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ཞིང་། འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བཞིན་པ་དེས་རྒྱལ་ཁབ་གཉིས་ཀྱི་ཟླ་གྲོགས་འབྲེལ་བའི་ཆུ་ཚད་མཐོན་པོ་དང་འཐབ་ཇུས་ཀྱི་དོན་སྙིང་གསལ་བོར་མངོན་ཡོད་ཅེས་བསྟན།

ལྷ་མོ་འཚོས་བསྒྱུར།