《ཞི་ཅིན་ཕིང་གི་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་བྱས།
2024.06.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་ཆ་དེ། ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པར་མ་ཟད་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

ནུས་ཁུངས་བདེ་འཇགས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་ནས། ནུས་ཁུངས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ལམ་བཙལ་བ་དང་། ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་ལ། ནུས་ཁུངས་འཛད་སྤྱོད་གསར་བརྗེ་དང་ནུས་ཁུངས་མཁོ་འདོན་གསར་བརྗེ། ནུས་ཁུངས་ལག་རྩལ་གསར་བརྗེ། ནུས་ཁུངས་སྒྲིག་གཞི་གསར་བརྗེ་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཞིང་། རང་རྒྱལ་གྱི་རིགས་གསར་ནུས་ཁུངས་མ་ལག་མྱུར་དུ་བཙུགས་པ་དང་། ནུས་ཁུངས་འགན་སྲུང་གི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཤུགས་ཡོད་འདེགས་སྐྱོར་འདོན་སྤྲོད་བྱས་པ་དང་། འཛམ་གླིང་གི་ནུས་ཁུངས་བདེ་འཇགས་དང་ནུས་ཁུངས་འཕེལ་རྒྱས་ཚུལ་སྒྱུར་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ཕུལ། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྒྲགས་པ་དང་། གོ་དོན་ཕུན་སུམ་ཚོགས་པ་དང་མཚོན་དོན་གྱི་ཕུགས་རིང་ལ། བསམ་བློའི་གཏིང་ཟབ་པ་དང་། དུས་རབས་གསར་བའི་བསྐྱོད་ལམ་གསར་བར་ནུས་ཁུངས་གསར་བའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ཐད་གཅིགས་འདོམས་བཟང་བོ་བྱེད་པ་དང་། ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ། ནུས་ཁུངས་ཀྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་བདེ་འཇགས་དང་བློ་གཏད་ཆོག་པའི་ནུས་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་བརྒྱད་དུ་བགོས་ཡོད་པ་དང་། བསྡོམས་པས་རྣམ་བཤད་ཚན་པ་ཉིས་བརྒྱ་དང་བཅུ་བདུན་ཡོད་ལ། དེ་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2024ལོའི་ཟླ5པའི་བར་གྱི་སྙན་ཞུ་དང་གསུང་བཤད། འཁྲབ་བཤད། རྟེན་འབྲེལ་འཕྲིན་ཡིག མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་བརྒྱ་དང་སུམ་ཅུ་ལས་བཏུས་པ་ཡིན་ལ། དེའི་ཁྲོད་ཀྱི་རྣམ་བཤད་ཁ་ཤས་ནི་ཐེངས་དང་པོར་ཕྱིར་སྒྲོག་འགྲེམ་སྤེལ་བྱས་པ་རེད།

རིན་ཆེན་མཚོས་བསྒྱུར།