ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་འགོ་འཛིན་མཛད།
2024.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ6པའི་ཚེས11ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ནས། 《ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》དང《འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་སྲུང་རྐྱེན་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》 《འཛམ་གླིང་གི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་སྒོ་འབྱེད་ཁོར་ཡུག་བསྐྲུན་པའི་སྐོར་གྱི་བསམ་འཆར་འགའ》སོགས་ཡིག་ཆར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱ་རྒྱུར་དམིགས་ཏེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།    ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱིས་ཐོན་དབང་གསལ་ཞིང་། དབང་ཆ་དང་འགན་འཁྲི་གསལ་ལ།    སྲིད་གཞུང་དང་ཁེ་ལས་སོ་སོར་འབྱེད་པ།    དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།     འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་དང་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པར་ངེས་པར་དུ་ཞིང་པས་འབྲུ་རིགས་འདེབས་པ་དང་ས་གནས་ཀྱིས་འབྲུ་རིགས་དམ་འཛིན་བྱེད་པའི་བརྩོན་སེམས་ལ་སྲུང་སྐྱོབ་དང་སྐུལ་སློང་བྱེད་པ་དང་།    འབྲུ་རིགས་འདེབས་པའི་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་ཆེར་གཏོང་བ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་ཡོང་བར་བྱ་དགོས།     སྒོ་འབྱེད་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་།    ཚན་རྩལ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།  འཛམ་གླིང་ལ་ཕྱོགས་པའི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ།    རང་འགུལ་ངང་འཛམ་གླིང་གསར་གཏོད་དྲ་རྒྱའི་ནང་འདྲེས་པར་བྱེད་པ།    ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་རིམ་པ་འབུར་དུ་དོད་པ།    སྒོ་འབྱེད་གསར་གཏོད་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བཅས་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཁེ་ལས་ཀྱི་ཚོང་གཉེར་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་།    གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་ཀྱི་གཞི་ཁྱོན་དང་འཕེལ་རྒྱས་དུས་རིམ།    དབང་བའི་ལམ་ལུགས་ཀྱི་ངོ་བོ་སོགས་ལ་གཞིགས་ནས་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་དང་ཁྲིད་སྟོན་ལ་ཤུགས་སྣོན་དགོས།     ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་།    ཏང་གིས་རྒྱལ་དབང་ཁེ་ལས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།   རྒྱལ་དབང་ཁེ་ལས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ།   རྒྱལ་དབང་ཁེ་ལས་ཀྱི་དེང་རབས་ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ།    རྒྱལ་དབང་མ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།     ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་མ་བྱེད་པ་དང་།    ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་མ་རྐང་འཇོག་མཁན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།    ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ།    ཉེན་ཁ་སྔོན་འགོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས་ནང་ཁུལ་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འབྲུ་རིགས་འདེབས་འཛུགས་བྱེད་པའི་ཞིང་པའི་ཡོང་འབབ་འགན་སྲུང་རྐྱེན་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས་པ་དང་།    རིན་གོང་དང་ཁ་གསབ། ཉེན་ཚབ་སོགས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས།    འབྲུ་རིགས་ཚོང་གཉེར་གྱི་ཕན་འབྲས་ཐོན་སྟངས་གསར་གཏོད་བྱེད་དགོས་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་བྱ་དགའི་ཁ་གསབ་དང་སྐུལ་ལྕག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།    ཐོན་སྐྱེད་དང་ཕྱིར་ཚོང་ཁུལ་གྱི་ཐབས་ལམ་མང་པོའི་ཁེ་ཕན་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བྱེད་པ་དང་།    འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས།     ཞིང་ཆེན་བར་འཕྲེད་ཕྱོགས་ཀྱི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཛུགས་པའི་ཐད་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་ཕྱིར་ཚོང་ཁུལ་གཙོ་བོ།    ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་ཁུལ་བཅས་ཀྱིས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐུན་མོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།     ཞིང་པའི་ཁྱིམ་ཚང་ཆུང་གྲས་དང་རྣམ་པ་གསར་པའི་ཞིང་ལས་གཉེར་མཁན་ལ་གཅིག་གྱུར་གྱིས་རྒྱབ་སྐྱོར་བྱེད་པ་དང་།    སྲིད་ཇུས་ཀྱི་རོགས་སྐྱོར་དང་ཞབས་ཞུའི་ཁྲིད་སྟོན།    ཁེ་ཕན་འབྲེལ་མཐུད་བཅས་ལ་ཤུགས་བསྣན་ནས། ཞིང་པའི་ཁྱིམ་ཚང་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། འཛམ་གླིང་གི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་སྒོ་འབྱེད་ཁོར་ཡུག་བསྐྲུན་ན། “ཕྱི་ཕྱོགས་སུ་བསྐྱོད་པ”དང“ནང་འདྲེན་བྱེད་པ”ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། ཧུར་ཐག་གིས་མཉམ་ལས་གཉིས་ཕན་གྱི་གྲོགས་པོའི་འབྲེལ་བ་བཙུགས་ནས་འཛམ་གླིང་གི་ཚན་རྩལ་བཅོས་སྐྱོང་ལ་རྒྱང་རིང་འཆར་འགོད་དང་ཟབ་ཞུགས་ཡག་པོ་བྱེད་དགོས།     རྒྱལ་སྤྱི་ཅན་དུ་འགྱུར་བའི་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས་ཚན་ཞིབ་མི་སྣའི་དོན་དངོས་ཀྱི་དོ་ཁུར་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་སྡོད་དུ་འཇུག་ཐུབ་པ། བཀོལ་སྤྱོད་ཡག་པོ་བྱེད་པ་བཅས་ལ་ཁག་ཐེག་བྱ་དགོས།     ཚན་རྩལ་བདེ་འཇགས་ལམ་ལུགས་དང་ཉེན་ཁའི་སྔོན་འགོག་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་སྒོ་འབྱེད་ཁོར་ཡུག་ཁྲོད་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོ་འཛུགས་དགོས།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཞུགས་པ་དང་།    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།