ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས། 
2024.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པའི་ཐོན་དངོས་ཡིན་པ་དང་། རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སློབ་གྲྭ་དང་པོ་ཡིན། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཚོགས་པ་ཡིན། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“ཧོང་ཕུའུ་སྙིང་སྟོབས་དར་སྤེལ་དང་། སློབ་གྲོགས་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་གཏོང་བའི”དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བཞིན་ཡོད་ལ། འགྲམ་ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། “ཐའེ་ཝན་རང་བཙན”ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་པའི་ཐོག་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་འཛུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས“རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ་བསམ་བློའི་སྣེ་ཁྲིད་དང་རྩ་འཛུགས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ངང“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེ་དག་གིས་མེས་པོའི་ཤུལ་བཞག་བརྗེད་མི་སྲིད་པར་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད།

ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས17ཉིན་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེར་སེམས་ཁུར་བྱས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་བསྐུར་ཏེ་ཧོང་ཕུའུ་དམག་དོན་སློབ་གྲྭའི་ལོ་རྒྱུས་ཀྱི་བྱས་རྗེས་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་དགེ་མཚན་ལྡན་པའི་བྱས་རྗེས་བཟང་བོ་བཞག་པར་ཁས་ལེན་གང་ལེགས་གནང་ཡོད་པས། ང་ཚོས་དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་ལེན་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། 

ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེར་རྒྱལ་གཅེས་གསར་བརྗེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ་ལྡན་པས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན། “རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མཉམ་དུ་འབད་བརྩོན་བྱེད་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་མཉམ་དུ་འབད་བརྩོན་བྱེད་དགོས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། འགྲམ་ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ནང་ཧུར་ཐག་གིས་ཞུགས་པ། འགྲམ་ངོགས་གཉིས་ཀྱི་ན་གཞོན་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་དར་སྤེལ་བཏང་སྟེ་འགྲམ་ངོགས་གཉིས་ཀྱི་སྤུན་ཟླའི་བརྗེ་རེས་དང་འགྲོ་འོང་མཉམ་འདྲེས་ཁྲོད་འབྲེལ་བ་ཇེ་བཟང་དུ་བཏང་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་ཐུན་མོང་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་བརྟན་པོ་དང་། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་གང་ལེགས་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་གསར་བརྗེའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་གིས་དམངས་གཙོའི་ཏང་ཁག་གི་ཀྲུང་དབྱང་དང་མང་ཚོགས་ཚོགས་པའི་ཚབ་བྱས་ནས་རྟེན་འབྲེལ་ཞུ་ཚིག་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཏུང་ཧྥིན་བཞུགས་མོལ་ཚོགས་འདུར་ཞུགས། 

ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་དང་ཐའེ་ཝན་ཧོང་ཕུའུ་སློབ་གྲོགས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་གནང་། 

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཚོགས་པའི་འགན་འཁུར་བློ་མཐུན། འབྲེལ་ཡོད་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་གི་འགན་འཁུར་བ། མཚོ་འགག་འགྲམ་གཉིས་དང་། ཞང་ཀང་དང་ཨའོ་མིན་དང་ཕྱི་རྒྱལ་གྱི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེའི་འཐུས་མི། ཞིང་ཆེན་རིམ་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།