ཞི་ཅིན་ཕིང་གིས་ཆུ་ལོག་དང་ཐན་འགོག་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2024.06.19 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་ལོག་དང་ཐན་འགོག་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ཆར་ལྷོ་ཕྱོགས་ཀྱི་ས་ཁུལ་མང་པོར་ཆར་པ་མུ་མཐུད་དུ་བབས་པ་དང་། ཀོང་ཏུང་དང་ཧྥུའུ་ཅན་སོགས་སུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཐེབས་ཡོད། བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཡང་ཐན་སྐྱོན་གྱི་གནས་ཚུལ་ཅུང་ཚབས་ཆེན་དུ་གྱུར་ཡོད་པ་དང་། ལྷོ་བརྒྱུད་ཀྱི་ཆུ་ལོག་དང་བྱང་བརྒྱུད་ཀྱི་ཐན་སྐྱོན་ཁྱད་ཆོས་མངོན་གསལ་དོད་པོར་གྱུར་ཡོད།

ཞི་ཅིན་ཕིང་གིས་གནོད་འཚེའི་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཐག་ཆད་པའི་མི་འཚོལ་སྐྱོབ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་འགན་ལེན་བྱས་ནས་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ཁྱོན་ཡོངས་ནས་ཆར་ཆུ་མོད་འི་དུས་སྐབས་སུ་སླེབས་ཡོད་པ་དང་། ཆུ་ལོག་སྔོན་འགོག་གི་གནས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་གཞིག་སྔར་ལས་ཆེ་རུ་གཏོང་བ་དང་། འགན་འཁྲི་ཇེ་དམ་དུ་གཏོང་བ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཞོད་འགོག་ཐན་འགོག་དང་ཉེན་འགོག་གེགས་སེལ་གྱི་བྱ་བ་ཁག་ཏན་ཏིག་ངང་བསྒྲུབ་དགོས། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ། སྒྲིག་ཆས་དང་དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་པ། བྱ་བའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ། གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་སྲུང་བྱེད་དགོས་ཞེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།