ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཡན་ཨན་དུ་བསྡུས་ཤིང་། ཞི་ཅིན་ཕིང་གྲོས་ཚོགས་སུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
2024.06.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ6ཚེས17ཉིན་ནས་ཚེས19ཉིན་བར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཧྲའན་ཞི་ཡན་ཨན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།  འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།

ཟླ6ཚེས17ཉིན་ནས་ཚེས19ཉིན་བར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཧྲའན་ཞི་ཡན་ཨན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བའི་ཚུལ་རེད།


ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཚེས17ཉིན་ནས་ཚེས19ཉིན་བར་ཧྲའན་ཞི་ཡན་ཨན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དུས་རབས་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་རིང་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དམག་འཐབ་ཡག་པོར་རྒྱག་པར་དམིགས་པ།  རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ལེགས་པོ་བྱེད་པ།  ཆབ་སྲིད་ཐད་ཀྱི་དག་ཐེར་སྦྱོང་བརྡར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་དང་འཇོན་ཐང་ཆེན་པོ་ལྡན་པའི་ཏང་གི་རྩ་འཛུགས་སྲ་བརྟན་གསོ་སྐྱོང་བཅས་བྱས་ནས།    ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་འགན་ལྕི་མོ་ཐེག་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་བཙོ་སྦྱང་བྱས་ཏེ།   དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས།

པའོ་ཐཱ་རི་བོའི་འདབས་རོལ་དང་ཡན་ཧི་ཆུ་བོའི་འགྲམ་རྒྱུད་ཀྱི་གསར་བརྗེའི་གནས་མཆོག་ཡན་ཨན་གྱི་ག་ས་གང་དུ་སྐྱེ་སྟོབས་ཀྱིས་ཁེངས་ཡོད། ཚེས17ཉིན་གྱི་ཕྱི་དྲོའི་དུས་ཚོད་ཀྱི་གསུམ་གྱི་སྟེང་།  ཞི་ཅིན་ཕིང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་ཁྲིད་དེ་ཝང་ཅཱ་ཕེན་གྱི་གསར་བརྗེའི་གནས་རྙིང་ལ་གཟིགས་སྐོར་མཛད། ཝང་ཅཱ་ཕེན་ནི1937ལོའི་ཟླ8པ་ནས 1947ལོའི་ཟླ3པའི་བར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་ས་གནས་ཡིན་པ་དང་། ཡན་ཨན་དུས་སྐབས་ཀྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་གལ་ཆེན་བཀོད་འདོམས་ལྟེ་གནས་ཡིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཁང་དུ། ཞི་ཅིན་ཕིང་གིས་འགྲེལ་བཤད་ལ་ནན་ཏན་སྒོས་གསན་པ་དང་ཡན་ཨན་དུས་སྐབས་ཀྱི་གཡུལ་འགྱེད་གལ་ཆེན་གྱི་ཇུས་འགོད་བཀོད་འདོམས་གནས་ཚུལ་མཚོན་པའི་ལོ་རྒྱུས་ཀྱི་དཔེ་རིས་ལ་གཟིགས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱི་བློ་གྲོས་དང་སྒྱུ་རྩལ་ལ་མྱོང་རོལ་མཛད། ཞི་ཅིན་ཕིང་གིས་མའོ་ཙེ་ཏུང་དང་། ཀྲིག་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེའི་རྒན་རབས་པའི་བཞུགས་གནས་རྙིང་པར་ཕེབས་ཏེ། གསར་བརྗེའི་རྒན་རབས་པ་ཚོ་ཡན་ཨན་དུ་བཞུགས་སྐབས་ཀྱི་གསར་བརྗེའི་བརྒྱུད་རིམ་ལ་བསྐྱར་དྲན་མཛད་པ་དང་། ཁོང་ཚོའི་རླབས་ཆེན་གྱི་མཛད་རྗེས་ལ་དྲན་གསོ་ཞུས།  ཐའོ་ལིན་ཐང་ཆེན་བརྒྱུད་ནས་ཕེབས་སྐབས། ཞི་ཅིན་ཕིང་གིས་ཧྲའན་ཀན་ཉིན་མཐའ་མཚམས་ས་ཁུལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གཉིས་བཀུར་ལས་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཚང་མ་དང་མཉམ་དུ་ལོ་དེའི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་ཁེངས་པའི་འཐབ་འཛིང་གི་འཚོ་བར་ཕྱིར་དྲན་གནང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚོམས་ཁང་དུ་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འདྲ་པར་ལ་ཞིབ་ལྟ་མཛད་དེ་ཚང་མ་དང་བརྗེ་རེས་གཏིང་ཟབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་ཡོངས་ཀྱི་འགོ་ཁྲིད་དེ་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ལོ10ཡི་ཡར་སྔོན་དུ་ང་ཚོ་ཀུའུ་ཐེན་དུ་སོང་ནས་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་བསྡུས་ཤིང་། དེ་རིང་ང་ཚོ་ཡན་ཨན་དུ་ཡོང་ནས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་བསྡུས་ནས། ཐོག་མའི་འབྱུང་ཁུངས་ལ་ཡང་བསྐྱར་འཚོལ་ཞིབ་ཐེངས་ཤིག་བྱས་བ་ཡིན། དུས་རབས་གསར་པའི་སྐྱོད་ལམ་གསར་བར།  རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་མདུན་ལྗོངས་འོད་སྟོང་འབར་བ་དང་ལས་འགན་ཧ་ཅང་དཀའ་ཚེགས་ཆེ། དམག་དཔུང་ཡོངས་ཀྱི་མཐོ་རིམ་ལས་བྱེད་པས་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་སྟེ།  སྣེ་ཁྲིད་ནས་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྣེ་ཁྲིད་ནས་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པ། རྒྱ་ཆེའི་དཔོན་དམག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

དེའི་རྗེས་སུ། ཞི་ཅིན་ཕིང་ཀྲུང་གོའི་ཡན་ཨན་ལས་བྱེད་པའི་སློབ་གླིང་དུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྟེ།   ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།

ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་བློ་ཐག་ཆོད་པོའི་སྒོ་ནས་ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་བསྡུས་ནས། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་དག་ཐེར་སྦྱོར་བརྡར་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་སྔར་བྱུང་མྱོང་མེད་པ་དང་།  ཤུགས་ཚད་ཆེན་པོ་སྔར་བྱུང་མྱོང་མེད་པས། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གལ་ཏེ་ཆབ་སྲིད་ཐད་ནས་གསར་བརྗེའི་རང་བཞིན་ལྡན་པའི་སྦྱོང་བརྡར་མ་བྱས་ན། དུས་རབས་གསར་པའི་མི་དམངས་དམག་དཔུང་ལ་རླབས་ཆེན་གྱི་འཕོ་འགྱུར་འབྱུང་མི་སྲིད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་སྐྲུན་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་གྱི་ཐབས་ཇུས་གྲུབ་པ་དང་།  ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྩ་བ་ཡིན་པ་གསལ་བོར་ཤེས་པ་དང་།  ཆབ་སྲིད་ཀྱི་བྱ་བ་ནི་ནམ་ཡང་རང་རེའི་དམག་དཔུང་གི་སྲོག་རྩ་ཡིན་པ་གསལ་བོར་ཤེས་པ།   ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་བྱེད་པར་ཆབ་སྲིད་ཐད་ཀྱི་གཞི་སྒྱུར་རྩ་སྒྱུར་འབུར་དུ་ཐོན་པར་བྱེད་དགོས་པ་གསལ་བོར་ཤེས་པ།   བསམ་བློའི་འགོ་ཁྲིད་ནི་འགོ་ཁྲིད་ཡོད་ཚད་ཀྱི་རྨང་གཞི་ཡིན་པ་ཁོང་དུ་ཆུད་པར་བྱེད་དགོས་པ་གསལ་བོར་ཤེས་པ། ཏང་གི་སྟོབས་ཤུགས་ནི་ཏང་གི་རྩ་འཛུགས་ལས་བྱུང་བ་དང་དམག་དཔུང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན་པ་གསལ་བོར་ཤེས་བ།   ཐོག་མཐའ་བར་གསུམ་དུ་མེ་མདའ་དེ་ཏང་ལ་བློ་དཀར་ཞིང་ཡིད་རྟོན་རུང་བའི་མིའི་ལག་ཏུ་འཛིན་དགོས་པ་གསལ་བོར་ཤེས་པ།  གཟབ་ནན་ཡིན་ཚེ་གཞི་ནས་སྒྲིག་ཁྲིམས་ནན་མོར་སྲུང་ཐུབ་པ་དང་།  གཟབ་ནན་ཡིན་ཚེ་གཞི་ནས་དམག་དཔུང་གི་དབང་ཟིལ་ཇེ་དྲག་ཏུ་གཏོང་ཐུབ་པ།    གཟབ་ནན་ཡིན་ཚེ་གཞི་ནས་འཐབ་འཛིང་གི་ནུས་པ་འདོན་ཐུབ་པ་བཅས་གསལ་བོར་ཤེས་པ།  དམག་ནང་དུ་རུལ་སུངས་པ་སྦས་ས་གཏན་ནས་ཡོད་མི་རུང་བ་གསལ་བོར་ཤེས་བ།   སྤྱོད་ཚུལ་བཟང་ན་གཞི་ནས་དཔའ་བོའི་དམག་དཔུང་འཛུགས་སྐྲུན་བྱེད་ཐུབ་པ་གསལ་བོར་ཤེས་པ། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་ནི་རང་རེའི་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཡིན་པ་གསལ་པོར་ཤེས་བ་བཅས་བྱེད་དགོས།  དུས་རབས་གསར་པའི་ཆབ་སྲིད་ཀྱི་དམག་འཛུགས་སྐྲུན་གྱི་ཐབས་ཇུས་ལ་རྒྱལ་ཁ་ལེན་པར། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས་པར་མ་ཟད་ལག་ལེན་ཁྲོད་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ། དམག་དཔུང་གི་གནས་ཚུལ་བཅས་ཚང་མར་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། རང་རེའི་དམག་དཔུང་གི་མདུན་དུ་ལྷགས་པའི་ཉམས་སད་དེ་སྣ་མང་རྙོག་འཛིང་ཆེ་བ་རེད།   ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་གྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་།  དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ།   མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ།   ཐོག་མཐའ་བར་གསུམ་དུ་དམག་འཐབ་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཐུབ་པ།   ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ།  ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་རྒྱུན་མི་ཆད་པར་ཐོན་པ། ཐོག་མཐའ་བར་གསུམ་དུ་དྭངས་གཙང་དང་གཟི་བརྗིད་ལྡན་པ།  སྒྲིག་ཁྲིམས་ནན་མོ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། དུས་རབས་གསར་པའི་ཆ་རྐྱེན་འོག་རང་རེའི་དམག་དཔུང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་མིག་སྔའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཐག་གཅོད་བྱེད་དགོས་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་ཟབ་མོ་གནང་། ཁོང་གིས་གནད་དོན་དེ་དག་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། བྱ་སྤྱོད། སྒྲིག་ཁྲིམས་སོགས་ཀྱི་ཐད་ནས་མཚོན་ཡོད་པ་དང་། རྩ་བ་ནི་ཕུགས་བསམ་གྱི་དད་འདུན་དང་། ཏང་གཤིས་བློ་སྦྱོང་། དཔོན་པོའི་ཀུན་སྤྱོད་དང་མི་གཤིས་བཅས་ཡིན་པ་རེད། རིམ་པ་སོ་སོ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་ནང་དུ་བཞག་ནས་ངོ་ཚར་མི་འཛེམ་པར་མཚང་བརྟོལ་བྱེད་པའི་སྙིང་སྟོབས་དང་། འབྱུང་རྩ་སྔོག་འདོན་དང་བླ་སྲོག་སྒུལ་བའི་རྣམ་འགྱུར་ལ་བརྟེན་ནས་བསམ་གཞིགས་ཞིབ་མོ་གཏོང་བ་དང་། ནན་ཏན་གྱིས་ལེགས་སྒྲིག་བྱས་ཏེ། བསམ་བློའི་གཞི་རྩའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་བའི་སྟེང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བྱ་བ་གཙོ་བོ་དྲུག་གནད་ལ་བཟུང་ནས་དམ་འཛིན་བྱེད་དགོས། གཅིག་ནས་བསམ་བློ་སྒྱུར་བཀོད་ཀྱི་རང་རྟོགས་རང་བཞིན་དང་མཐར་ཕྱིན་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་མུ་མཐུད་དུ་དྲག་ཆས་སྤྲ་རྒྱུར་ནན་འཛིན་བྱས་ནས་མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། གོ་བ་ལེན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་པ་དང་བསམ་པ་བཀོལ་སྤྱོད་མཉམ་དུ་བྱེད་པ་དང་། ཤེས་པ་དང་ཡིད་ཆེས་ལག་ལེན་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་ལས་བྱེད་པས་སྔོན་ལ་སློབ་གསོ་མྱོང་རྒྱུ་རྒྱུན་འཁྱོངས་དང་། རང་དམག་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཁ་ཕྱོགས་བརྟན་པོར་འཛུགས་དགོས། གཉིས་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་ཇེ་དྲག་ཏུ་བཏང་ནས་དམག་འཁྲུག་ལ་གྲ་སྒྲིག་དང་དམག་འཐབ་རྒྱག་པའི་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། ཏང་གི་འགོ་ཁྲིད་དེ་དམག་འཁྲུག་ལ་གྲ་སྒྲིག་བྱེད་པ་དང་དམག་འཐབ་ཀྱི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ཏང་ཨུའི་གྲོས་དོན་གྱི་ཐབས་ཇུས་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་དགོས་པ་དང་། ཐབས་ཇུས་བློ་འདྲི་དང་དཔྱད་འཇོག་བྱ་བ་གལ་ཆེན་ལ་ཤུགས་སྣོན་དགོས། ཏང་ཨུའི་ཧྲུའུ་ཅི་ཡི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ཆེ་རུ་གཏོང་དགོས། གསུམ་ནས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས་དམག་དཔུང་གི་ལས་བྱེད་པ་བཟང་པོའི་ཚད་གཞིར་གོ་བ་ཆ་ཚང་དང་ཡང་དག་བླངས་ནས་ཚད་གཞི་འདི་ཁྱོན་ཡོངས་ནས་ལས་བྱེད་པའི་བྱ་བའི་བརྒྱུད་རིམ་སོ་སོར་དོན་འཁྱོལ་བྱེད་དགོས། ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་ཀ་ལེགས་བཅོས་དང་། དོན་དག་སྒྲུབ་ཤེས་པ་དང་མི་ལ་ལྟ་ཤེས་པའི་གནད་སྨིན་གྱི་ཚད་མཐོ་རུ་གཏོང་དགོས། སྦྲེལ་ཐག་ཧྲིལ་པོའི་འཛུགས་སྐྲུན་གྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་དུ་བརྩིས་ནས་དམ་འཛིན་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་རུལ་སུངས་སྐྱེ་འཕེལ་བྱེད་སའི་ས་རྒྱུ་དང་ཆ་རྐྱེན་མེད་པར་བཟོ་དགོས། ནན་མོའི་གཞི་རྩའི་དགོངས་གཞི་ལ་གཡོ་འགུལ་མི་གཏོང་བ་དང་། རྩ་ལག་མཉམ་བཅོས་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུ་ཡི་བྱེད་པོའི་འགན་འཁྲི་དང་། སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི། ལས་རིགས་སྡེ་ཁག་གི་སྲིད་དོན་གཙང་སྐྱོང་གི་འགན་འཁྲི་གཙོ་བོ་བཅས་ལ་གཅིག་ཏུ་འབྲེལ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཟབ་ཚད་རྒྱ་སྐྱེད་དགོས། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རུལ་སུངས་དང་མི་མངོན་པའི་རུལ་སུངས་ལ་ཆད་པ་གཅོད་པའི་ལག་ཆའི་སྒམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཐོ་རིམ་ལས་བྱེད་པའི་འགན་སྒྲུབ་དབང་ཆར་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་ལས་སྒྲུབ་ལས་སྐྲུན་གྱི་བསམ་བློའི་རྣམ་པ་མཐོར་འདེགས་བྱེད་དགོས། ཚན་རིག་དང་མཐུན་པའི་སྲིད་འབྲས་དཔྱད་ཞིབ་གདེང་འཇོག་མ་ལག་འཛུགས་པ་དང་། འགུལ་རྣམ་གསར་སྒྱུར་གྱི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གྱི་གསལ་ཐོ་ཡོ་བསྲང་ཟབ་མོ་བྱས་ནས“མང་པོ་ལྔ”ཡི་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དམག་མིའི་ཐོབ་ཐང་འགན་སྲུང་སོགས་ཀྱི་སྲིད་ཇུས་ལམ་ལུགས་དོན་འཁྱོལ་བྱས་ནས“མཇུག་མཐའི་སྤྱི་ལེ་གཅིག”གེགས་མེད་ངང་ཤར་གཏོང་བྱས་ཏེ། དོན་ངོ་མའི་སྟེང་གཞི་རིམ་གྱི་དཀའ་ངལ་སེལ་རོགས་བྱས་ནས་དཔོན་དམག་གི་ཐོབ་སྣང་དང་ཁོངས་གཏོགས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས། དྲུག་ནས་ཆབ་སྲིད་བྱ་བའི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། རང་དཔེ་གཞན་སྟོན་རྒྱུན་འཁྱོངས་བྱས་ནས་རིམ་པ་སོ་སོ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྔོན་ལ་མ་དཔེ་བསྟན་ནས་བྱ་སྤྱོད་བརྟན་པོ་དང་སྣང་བརྙན་ལེགས་པོར་བརྟེན་ནས་དམག་དཔུང་ལ་སྐུལ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ནི་དམག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་རང་འགན་གཙང་སྒྲུབ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དེ། ང་ཚོ་ཏང་གིས་འགོ་ཁྲིད་བྱེད་པའི་དཔའ་བོའི་དམག་དཔུང་འདི་སྔར་ལས་སྲ་བརྟན་དུ་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་དམག་དཔུང་བཙུགས་ནས་ལོ་ངོ100འཁོར་བར་བསུ་མ་བྱེད་དགོས།

ཐེངས་འདིའི་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་བྱ་བའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གིས་དངོས་སུ་ཐབས་ཇུས་བཀོད་དེ་ཚོགས་པ་ཞིག་ཡིན་ཞིང་། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་དང་། ཧི་ཝེ་ཏུང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ལྟེ་གནས། གཡུལ་འགྱེད་ཁུལ་སོ་སོ། དམག་དཔུང་དང་དཔུང་མི་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས་སོ་སོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

སྒྲོལ་མ་སྐྱིད་དང་ཚེ་རིང་སྒྲོལ་མས་བསྒྱུར།