ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས། མཚོ་སྔོན་གྱིས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་ཆེན་མོའི་ཁྲོད་ཀྱི་འཐབ་ཇུས་གོ་གནས་དམ་འཛིན་བྱས་ཏེ། རང་ངོས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྒོ་འབྱེད་རྒྱ་བསྐྱེད་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་སྔར་ལས་ཆེ་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས་པ་ནན་གྱིས་བསྟན།
ཟླ6པའི་ཚེས18ཉིན་ནས་ཚེས19ཉིན་བར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་ཕེབས་རོགས་འོག ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་དང་ཆོས་ལུགས་ཆོ་ག་སྤེལ་ས་སོགས་སུ་ཕེབས་ཏེ་རྟོག་ཞིབ་མཛད།
ཚེས18ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་ནས་རྟོག་ཞིབ་མཛད། སློབ་གྲྭ་དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་གཏོགས་པའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་རོགས་འཛུགས་བྱས་པ་རེད། ཞི་ཅིན་ཕིང་གིས་ཧྲང་ཧེ་སོགས་ཤར་ཕྱོགས་ས་ཁུལ་གྱིས་མཚོ་སྔོན་གྱི་སློབ་གསོའི་བྱ་བ་དང་སློབ་གྲྭའི་འཛུགས་སྐྲུན་ཐད་རོགས་སྐྱོར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པ་དང་། སློབ་མའི་གྲུབ་ཚུལ་དང་བསླབ་ཚན་གྱི་བཀོད་སྒྲིག ལུས་རྩལ་སྦྱོང་བརྡར། སྤྱི་སྐད་ཀྱི་ཆུ་ཚད་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། ཟ་ཁང་དང་མལ་ཁང་སོགས་སུ་ཕེབས་ཏེ་སློབ་མའི་ཟ་མ་དང་སྡོད་གནས་ཀྱི་ཆ་རྐྱེན་ལ་རྟོག་ཞིབ་མཛད་པར་མ་ཟད། ཟ་ཁང་གི་ལས་བྱེད་མི་སྣས་ངེས་པར་དུ་སློབ་མའི་བཟའ་བཏུང་གི་བདེ་འཇགས་དང་འཚོ་བཅུད་བཟང་ཞིང་རོ་བཅུད་ལྡན་པར་འགན་སྲུང་བྱེད་དགོས་པའི་མངག་བཅོལ་གནང་། དེའི་རྗེས་སུ་ཁོང་ཉིད་མཐོ་གཅིག་འཛིན་གྲྭ་དང་པོའི་སློབ་ཁང་དུ་ཕེབས་ཏེ། དུས་རབས་གསར་བ་དང་ཕ་ཡུལ་གསར་བའི་བརྗོད་དོན་བསམ་བློའི་ཆབ་སྲིད་སློབ་ཁྲིད་ལ་ལྟ་སྦྱོང་མཛད། སློབ་གྲྭས་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་ནང་དོན་དེ་ཉིན་རྒྱུན་གྱི་བསླབ་ཚན་ནང་བཞག་ཡོད་པ་རྒྱུས་ལོན་བྱུང་ཞིང་། བྱིས་པ་ཚོས་དུས་རབས་གསར་བའི་ཕ་ཡུལ་གྱི་དགའ་འོས་པའི་འགྱུར་ལྡོག་གླེང་བར་གསན་པ་དང་བྱིས་པ་ཚོའི་རི་མོར་གཟིགས་རྗེས་ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་གསུང་དོན། སློབ་གསོ་དང་བཅས་པའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་མངོན་པར་མཚོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་ཆེན་མོའི་དྲོད་ཁོལ་མངོན་པར་མཚོན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་གནད་སར་བཟུང་སྟེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་བཟང་བོར་བརྗོད་པ་དང་། དུས་རབས་གསར་བར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་གཏམ་རྒྱུད་བཟང་བོར་བརྗོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བཟང་བོར་བརྗོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཆུང་དུས་ནས་བྱིས་པའི་སེམས་གཏིང་དུ་ཟུག་པར་བྱ་དགོས་ཞེས་གསུངས།
སློབ་ཁྲིད་ཐོག་ཁང་ཆེན་མོའི་མདུན་གྱི་ཐང་ཆེན་དུ། དགེ་སློབ་རྣམས་ཀྱིས་ལང་ལོང་སྒོས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་བསྐོར་ནས་ཁོང་ལ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་སྙིང་ཉེ་བའི་སྒོ་ནས་ཚང་མར་གསུང་དོན། ང་རང་ཟི་ལིང་དུ་འབྱོར་རྗེས་ཐོག་མར་དགེ་རྒན་དང་སློབ་གྲོགས་ཚོར་ལྟ་རུ་ཡོང་བ་ཡིན། ཧྲང་ཧེ་ཡིས་རོགས་འཛུགས་བྱས་པའི་སློབ་འབྲིང་འདིར། མགོ་ལོག་འབྲོག་ཁུལ་ནས་ཡོང་བའི་རིགས་སོ་སོའི་བྱིས་པ་གསོ་སྐྱོང་བྱེད་བཞིན་ཡོད་ལ། ཕན་འབྲས་མངོན་གསལ་ལྡན་ཞིང་རྒྱང་རིང་དོན་སྙིང་ལྡན། བྱིས་པ་ཚོས་སྔར་ལས་ལྷག་པའི་སྒོ་ནས་གནས་འདིའི་ཆ་རྐྱེན་བཟང་བོར་གཅེས་སྤྲས་དང་། དྲིན་གཟོའི་བསམ་པ་བཅངས་ནས། སློབ་སྦྱོང་ལ་བརྩོན་པ་བྱས་ཏེ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ། བློ་སྤོབས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྒྱུད་འཛིན་པ་དང་འཛུགས་སྐྲུན་མཁན་དུ་འགྱུར་བར་བྱེད་དགོས་ལ། ཧུར་ཐག་སྒོས་རང་ཉིད་ལ་ངོ་མཚར་བའི་གོ་སྐབས་ཐོབ་པར་བྱ་དགོས་པའི་ཐུགས་རེ་བཏོན་པར་མ་ཟད། ཁོང་གིས་བྱིས་པ་ཚོའི་སློབ་སྦྱོང་གི་གྲུབ་འབྲས་བཟང་ཞིང་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྨོན་འདུན་ཞུས།
དེའི་འཕྲོར་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་གནས་པའི་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས། དགོན་པའི་ར་སྐོར་སྔོན་མ་རུ་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་ཁ་བཏགས་ཕུལ་བ་དང་། དགེ་འདུན་པས་སྤོས་བདུག་པ་དང་གདུགས་བསྐོར་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་བསུ་མ་ཞུས། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་། དགོན་པའི་ལོ་རྒྱུས་དང་། གསར་བརྗེ་པ་རྒན་རབས་ཚོས་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་དགོན་པའི་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན། ཞི་ཅིན་ཕིང་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཙོང་ཁ་དགོན་བརྩེ་ཆེན་དར་རྒྱས་གླིང་གིས་རབས་མང་པོའི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་འབྲེལ་ཟམ་ལྟ་བུའི་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས་ཡོད། རྩ་ཆེ་བའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས། གསར་བརྗེ་པ་རྒན་རབས་རྣམས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་། མི་རིགས་ལས་དོན། ཆོས་ལུགས་ལས་དོན་བཅས་སྔར་ལས་ལེགས་པར་བསྒྲུབ་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བརྟེན་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ནང་དུ་འདུས་པའི་རྒྱ་ཆེའི་དད་ལྡན་མང་ཚོགས་དང་མཐུན་སྒྲིལ་འབད་འཐབ་བྱ་དགོས། མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པའི་ཐུགས་རེ་བཏོན།
ཚེས19ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་གྱི་བྱ་བ་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྕི་མོ་ཁུར་ཡོད་ལ། ཐོན་ལས་འཕེལ་རྒྱས་གཏོང་ན་ངེས་པར་དུ་བྱེད་རིན་ཡོད་མེད་ལ་བལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་དགོས། ཐོན་ཁུངས་ཀྱི་ཆ་རྐྱེན་ནུས་ལྡན་སྒོས་བསྡུ་རུབ་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བཅས་འཛུགས་སྐྲུན་བྱ་དགོས། ཚན་རྩལ་གསར་སྤེལ་དང་གྲུབ་འབྲས་ཚུལ་སྒྱུར་གཉིས་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ལག་རྩལ་གསར་བ་རྒྱ་ཆེར་བེད་སྤྱོད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་མཐོར་འདེགས་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བཅས་བྱེད་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ཞིང་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཉོ་ཚོང་ཁོར་ཡུག་ལེགས་སྒྱུར་བྱེད་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་སོགས་འཐབ་ཇུས་གལ་ཆེན་ལ་རང་འགུལ་སྒོས་སྦྲེལ་མཐུད་བྱས་ནས། ལྗང་མདོག་དར་གོས་ཚོང་ལམ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏང་དགོས། ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་དང་། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ཀྱི་གཞོགས་འདེགས་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་ནི་སྣ་མང་ཕུན་སུམ་ཚོགས་ལ། གཉོམ་ཞན་གྱི་ཆ་ཡང་ཤིན་ཏུ་མང་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྐྱེ་ཁམས་བྱེད་ནུས་ཆེས་ཆེ་བའི་རྣམ་པ་མངོན་འགྱུར་འབྱུང་རྒྱུ་ནི་ཁུལ་ཁོངས་ཀྱི་ལས་འགན་གཙོ་བོ་ཡིན། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་བྱེད་ནུས་གཙོ་བོའི་ཁུལ་གྱི་འཆར་འགོད་རེ་བ་ལག་བསྟར་བྱས་ཏེ། མཚོ་བོད་མཐོ་སྒང་འཛུགས་སྐྲུན་བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འགྱུར་བར་བྱ་དགོས། རི་ཆུ་ནགས་ཞིང་དང་མཚེའུ་དང་རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་གང་མྱུར་སྒོས་དངོས་འབེབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་མཐོར་འདེགས་སུ་གཏང་དགོས། གཙང་གསུམ་འབྱུང་ཡུལ་གྱི་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ཆུ་ཁུངས་ཀྱི་གསོ་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བ་དེ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་ན་ཤུགས་རྐྱེན་ཆེ་བའི་རང་བྱུང་སྲུང་སྐྱོབ་ཀྱི་དཔེ་སྟོན་འཛུགས་སྐྲུན་བྱ་དགོས། གོ་རིམ་ལྡན་པའི་སྒོ་ནས་ཁྱབ་ཁོངས་གཙོ་བོའི་ནུས་གྲོན་ཐཱན་ཉུང་དང་། སྐྱེ་ཁམས་མཛའ་མཐུན་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། གང་མགྱོགས་སྒོས་གསར་དར་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱ་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་གི་བྱ་བ་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུ་དང་རང་ནུས་ཅི་ལྕོགས་ཀྱིས་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། དམངས་ཚིས་ལ་ཕན་པ། དམངས་སེམས་དྲོ་བ་བཅས་ཀྱི་བྱ་བ་མང་པོ་བསྒྲུབ་ནས། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་ནན་མོ་བྱ་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཁྱབ་ཚུལ་གཅིག་གྱུར་འཆར་འགོད་བྱས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་སྙོམས་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ཇེ་དྲག་ཏུ་གཏོང་བར་ཤུགས་བསྣོན་དགོས། གྲོང་གསེབ་དར་སྤེལ་གྱིས་ཞིང་བའི་ཡོང་སྒོ་འཕར་བ་གཙིགས་སུ་བཟུང་ནས། མཐོ་སྒང་ཁྱད་ལྡན་འདེབས་འཛུགས་ལས་རིགས་དར་སྤེལ་བྱེད་པའི་བྱ་བ་གང་མགྱོགས་ངང་སྐུལ་འདེད་གཏང་དགོས་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་སུ་བཏང་ནས། མཐོ་སྒང་གི་ས་གནས་ཁྱད་ལྡན་ཐོན་རྫས་ཀྱི་མིང་རྟགས་འཛུགས་སྐྲུན་བྱ་དགོས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏང་དགོས། ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ཚད་ལེན་རོགས་སྐྱོར་རྐྱེན་སྲོལ་བཙུགས་ནས། གཞི་རྒྱ་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་མི་འགྱུར་བར་ཁག་ཐེག་བྱ་དགོས། ཅི་ཧྲི་ཧྲན་ས་ཡོམ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་ནས། གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁྱབ་སྟངས་གཅིག་སྡུད་ཀྱི་ཞིང་ཆེན་ཞིག་ཡིན་པས། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་མུ་མཐུད་དུ་ཡག་པོར་བསྒྲུབ་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྲིད་དོན་ཆེན་པོ་དང་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱ་བ་རྒྱ་ཁྱབ་ངང་སྤེལ་བ། མི་རིགས་སོ་སོ་ཕྱོགས་ཡོངས་ནས་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་བྱ་བ་དོ་དམ་དང་ལྷག་པར་དུ་ཆོས་ལུགས་ཆོ་ག་སྤེལ་ཡུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པས་དངོས་འཛིན་དངོས་སློབ་དང་མགོ་མཇུག་ཡོད་པ་དམ་འཛིན་བྱེད་པ་དང་། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་པོ་བྱས་ཏེ་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏང་དགོས། བཅོས་བསྒྱུར་གསར་གཏོད་སྲོག་ཤིང་དུ་འཛིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས་ཏང་ཡོན་དང་ལས་བྱེད་པར་སྔར་ལས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་བསྒྱུར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགན་འཁུར་དགོས་པའི་སྐུལ་ལྕག་བཏང་ཡོད། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་དང་། སྤྱོད་ཚུལ་དྲང་བདེན་དང་སྒྲིག་ཁྲིམས་དམ་འཛིན། རུལ་སུངས་ལ་ངོ་རྒོལ་བྱེད་པ་ཕན་ཚུན་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་འཐུས་ཚང་དུ་བཏང་ནས། སྤྱོད་ཚུལ་དྭངས་གཙང་དང་སྤྱོད་ཚུལ་དྲང་བའི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་དྲང་བདེན་གྱི་སྤྱི་ཚོགས་སྐྱེ་ཁམས་ཆགས་པར་སྣེ་ཁྲིད་བྱ་དགོས།
ལིས་ཀན་ཅེ་དང་ཧི་ལིས་ཧྥིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས།