ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཀློག་པ་པོའི་ཚོགས་འདུ་ཟླ6པའི་ཚེས22ཉིན་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་ས་ཏུའུ་ཧྲང་པེ་ནས་བདེ་བླག་ངང་བསྡུས། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཆབ་སྲིད་ལས་རིགས་དང་རིགས་གཞུང་ལས་རིགས། པར་སྐྲུན་ལས་རིགས་སོགས་ལས་རིགས་སོ་སོའི་འཐུས་མི150ལྷག་བྱ་འགུལ་དེར་ཞུགས།
ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་དཔེ་ཆ་དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་དང་འཕེལ་རྒྱས་བརྒྱུད་རིམ་རྒྱས་བཤད་མཛད་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོ་རྒྱལ་ཁབ་ཀྱི་བཅོས་སྐྱོང་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གནད་དོན་ཐད་ཀྱི་བསམ་གཞིགས་ཟབ་མོ་གཅིག་བསྡུས་ཀྱིས་མངོན་པར་མཚོན་ཡོད་ལ། ཐཱ་ཅི་ཁི་སི་ཐན་སྐད་ཡིག་གི་འགྱུར་མ་པར་སྐྲུན་བྱས་པ་ལས་ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱི་ཀློག་པ་པོ་དག་གིས་དུས་རབས་གསར་བའི་ཀྲུང་གོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ལེན་པར་དབང་གྲགས་ཆེ་བའི་ཀློག་དེབ་ཅིག་འདོན་སྤྲོད་བྱས་ཡོད་པར་འདོད།
སྐུ་མགྲོན་དག་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བཟང་བོ་དང་བླངས་པའི་གྲུབ་འབྲས་བཟང་བོ་ལས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔེ་གཞི་བཟང་བོ་འདོན་སྤྲོད་བྱས་ཡོད་པ་དང་། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་པོ་གསུམ་དངོས་འབེབས་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ཤར་ནུབ་ཕྱོགས་ཀྱི་ཤེས་དཔལ་མཉམ་འདྲེས་དང་འཛམ་གླིང་ཡོངས་ཀྱི་དར་རྒྱས་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཟེར། བྱ་འགུལ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་གོའི་ཕྱི་ཡིག་ཅུའུ། ཐཱ་ཅི་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།