ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བདུན་གྱི་སྟེང་། ཟླ་བའི་ལྷ་མོ་ཨང་དྲུག་པའི་ཕྱིར་ལོག་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ཕྱོགས་ཀྱི་དངོས་དཔེ་ཁྱེར་ནས་ནང་སོག་སི་ཙི་ཝང་ཆིའི་སྔོན་བཀོད་ཁུལ་ཁོངས་སུ་བདེ་འཇགས་ངང་སར་བབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཟླ་ངོས་འཚོལ་ཞིབ་བཟོ་སྐྲུན་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་བཀོད་འདོམས་པུའུ་དང་ལས་འགན་ལ་ཞུགས་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཟླ་བའི་ལྷ་མོ་ཨང་དྲུག་པས་ཐོག་དང་པོར་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟླ་བའི་གོ་ལའི་རྒྱབ་ཕྱོགས་ཀྱི་དཔེ་དངོས་བསྡུ་འཚོལ་བྱས་ནས་ཕྱིར་ལོག་པ་མངོན་འགྱུར་བྱས་པ་དང་། དེ་ནི་རང་རྒྱལ་གྱིས་མཁའ་བསྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་ཞིག་ཀྱང་ཡིན། ལོ་ངོ་ཉི་ཤུའི་རིང་ལ། ཟླ་ངོས་འཚོལ་ཞིབ་བཟོ་སྐྲུན་གྱི་ཞིབ་སྐྲུན་འཛུགས་སྐྲུན་ལ་ཞུགས་པའི་བློ་མཐུན་ཡོངས་ཀྱིས་ཟླ་ངོས་འཚོལ་ཞིབ་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཚན་རྩལ་གྱི་མཐོ་རྩེར་འཛེག་ནས། འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་ཆོག་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་། སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལམ་བུ་ཞིག་བཏོད། ཁྱོད་ཚོས་བཞག་པའི་འབུར་ཐོན་བྱས་རྗེས་དེ་མེས་རྒྱལ་དང་མི་དམངས་ཀྱིས་ནམ་ཡང་ཡིད་ལ་བརྟན་པོར་འཛིན་ངེས།
ཞི་ཅིན་ཅིང་གིས་ནན་གྱིས་བསྟན་དོན། རེ་བ་ཡིན་ན་ཁྱེད་ཚོས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། ཟླ་བའི་གོ་ལའི་དངོས་དཔེ་ཐད་ཀྱི་ཚན་རིག་ཞིབ་འཇུག་སེམས་ཞིབ་མོས་སྤེལ་བ། བར་སྣང་གི་འཚོལ་ཞིབ་སོགས་མཁའ་སྐྱོད་བཟོ་སྐྲུན་ཆེན་པོ་རྒྱུན་མཐུད་ངང་ལག་བསྟར་བྱེད་པ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་འབེན་ཕྱོགས་ནས་དཔའ་སྐྱེད་མདུན་སྐྱོད་བྱས་ནས། འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་བྱེད་པ་དང་མིའི་རིགས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་ཆེད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ནས་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་འགྲུབ་ནས་ཕྱིར་ལོག་འཕྲུལ་ཆས་སར་འབབ་པའི་གནས་ཚུལ་ལ་བལྟས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆེན་གྱིས་ཡུལ་དངོས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་འདོན་བྱས།
རིན་ཆེན་མཚོས་བསྒྱུར།