ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀྲེ་ཅང་ཞིང་ཆེན་ལིས་ཧྲུའེ་གྲོང་ཁྱེར་ཅིན་ཉིན་ཧྲེ་རིགས་རང་སྐྱོང་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་བསྐུར་ནས། ཅིན་ཉིན་རྫོང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཅིན་ཉིན་གྱི་འཕེལ་རྒྱས་ཐད་ལ་རེ་བ་བཏོན།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་རྒྱུར། ལོ་ངོ་བཞི་བཅུའི་རིང་ལ། ཅིན་ཉིན་རྫོང་གིས་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས་དགའ་འོས་པའི་གྲུབ་འབྲས་བླངས་པ་དང་། རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་ལ། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བསྐྱོད་ལམ་གསར་བའི་སྟེང་། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། ཁྱད་དུ་འཕགས་པའི་དགེ་མཚན་འདོན་སྤེལ་བྱེད་པ། མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱུད་རིམ་ཁྲོད་ཧྲེ་ཡུལ་ཅིན་ཉིན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་རྒྱུའི་རེ་བ་བཅངས་ཡོད།
ཅིན་ཉིན་ཧྲེ་རིགས་རང་སྐྱོང་རྫོང1984ལོར་བཙུགས་པ་དང་། རྒྱལ་ཡོངས་ཀྱི་ཧྲེ་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་བྱ་བ་སྒྲུབ་སྐབས། ཅིན་ཉིན་གཞི་རིམ་བྱ་བའི་འབྲེལ་འདྲིས་ས་གནས་སུ་བདམས་པ་དང་། ཀྲུང་དབྱང་དུ་བྱ་བ་སྒྲུབ་པར་ཕེབས་རྗེས་ཅིན་ཉིན་གྱི་འཕེལ་རྒྱས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཉེ་སྔོན། ཅིན་ཉིན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱལ་ཡོངས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། རྫོང་བཙུགས་ནས་ལོ་ངོ་བཞི་བཅུའི་རིང་དང་ལྷག་པར་དུ་དུས་རབས་གསར་བའི་ཚུན་གྱི་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ཡར་ཞུ་བྱས་པ་དང་། དྲིན་བསམ་མདུན་སྐྱོད་དང་མི་རིགས་ས་ཁུལ་མཉམ་དུ་ཕྱུག་པོར་བསྒྱུར་བའི་སྔོན་བསྐྱོད་དཔེ་སྟོན་བྱེད་པའི་ཆོད་སེམས་མཚོན་པར་བྱས།
རིན་ཆེན་མཚོས་བསྒྱུར།