ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པའི་སྐོར་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅོ་ལྔ་བ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ནི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོར་འཛིན་པ་དང་ཏང་གི་འཛུགས་སྐྲུན་སྣ་ཚོགས་མཉམ་དུ་ཁ་ཕྱོགས་མཐུན་པར་ཤུགས་འདོན་པའི་མ་ལག་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་རང་ངོས་ཀྱི་བཅོས་བསྒྱུར་སྐོར་གྱི་དགོངས་པ་གལ་ཆེན་གཞི་རྩའི་སྲུང་བྱར་བྱེད་ཅིང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་ལེན་དངོས་འབེབས་བྱེད་པ། མ་ལག་འདུ་ཤེས་དང་ཚན་རིག་གི་བྱེད་ཐབས་སྤྱད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ནང་དོན་ཡོངས་ལ་ཁྱབ་པ་དང་། འགན་འཁྲི་མུ་རྒྱུན་ཅན། ལམ་ལུགས་གཅིག་འབྲེལ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུ་ཚང་མ་འདུས་པ་དང་བྱེད་ནུས་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ཕན་ནུས་མཐོ་བའི་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཛུགས་དགོས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡི་དྲུང་ཡིག་ཆེན་མོ་བློ་མཐུན་ཀྲང་ཅིན་ཧུའུ་ཡིས་གནད་དོན་དེའི་ཐད་ནས་འགྲེལ་བརྗོད་བྱས་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའི་བློ་མཐུན་ཚོས་ནན་ཏན་གྱིས་འགྲེལ་བརྗོད་ལ་ཉན་པར་མ་ཟད་གྲོས་བསྡུར་བྱས།
ཞི་ཅིན་ཕིང་གིས་འགྲེལ་བརྗོད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནངས། ཁོང་གིས་ཐོག་མར་བསྟན་དོན། ཉིན་འགའི་རྗེས་སུ་ང་ཚོ་ཏང་བཙུགས་ནས་ལོ་ངོ103འཁོར་བའི་འཁྲུངས་སྐར་ཡིན་ཞིང་། བདག་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་ལ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་བཙུགས་ཏེ་ལོ་བརྒྱའི་ཏང་ཁག་ཆེན་མོའི་རང་ཉིད་གསར་བརྗེའི་གོ་རྟོགས་གསར་བ་གསར་འབྱེད་བྱེད་དགོས། དེའི་མཚུངས་སུ་ཏང་གི་མདུན་དུ་ལྷགས་པའི་ཉམས་སད་ཆེན་པོ་བཞི་དང་ཉེན་ཁ་བཞི་བོ་དེ་དུས་ཡུན་རིང་བོར་གནས་སྲིད་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་རང་ངོས་ཀྱི་གསར་བརྗེ་དེ་ནམ་ཡང་ལམ་དུ་ཡོད་པ་བཅས་ཤེས་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་རྒྱུགས་ལེན་དུ་འགྲོ་བའི་ཀླད་པ་གསལ་བོ་དང་བློ་རྩ་བརྟན་པོ་སྲུང་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དེ་ནུས་ལྡན་བྱེད་ཐབས་སུ་བྱས་ནས། རྒྱུན་ཆད་མེད་པར་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གོང་འོག་གཅིག་འབྲེལ་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་དངོས་འབེབས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཆབ་སྲིད་བཀའ་རྒྱ་བཀག་མེད་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། ཏང་འཛུགས་བྱ་བའི་མགོ་ཁྲིད་སྒྲིག་ལུགས་དང་རྩ་འཛུགས་དོ་དམ་སྒྲིག་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རིམ་པ་རེ་རེ་བཞིན་དུ་འཛིན་པ་དང་རིམ་པ་རང་གིས་རིམ་པ་འོག་པར་སྐུལ་ཁྲིད་བྱེད་པ། གཞི་རིམ་དམ་འཛིན་བྱས་ཏེ་རྨང་གཞི་ཇེ་དྲག་དུ་གཏོང་བའི་བྱ་བའི་རྣམ་པ་ཆགས་པར་བྱས་ནས། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པར་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་དང་བསྟུད་མར་ནུས་མེད་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་ལེགས་བཅོས་བྱས་ཏེ། ཟོལ་མེད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས། དཔལ་འབྱོར་རྩ་འཛུགས་གསར་བ་དང་སྤྱི་ཚོགས་རྩ་འཛུགས་གསར་བ། ལས་ཞུགས་ཚོགས་ཁག་གསར་བའི་ཏང་འཛུགས་བྱ་བར་འཚོལ་ཞིབ་དང་ཤུགས་སྣོན་བྱས་ནས། ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་བྱ་འགུལ་རྣམ་པ་གསར་བསྐྲུན་བྱེད་དགོས། མཉམ་འབྲེལ་དྲ་རྒྱའི་ལག་རྩལ་དང་བརྡ་འཕྲིན་ཅན་གྱི་བྱེད་ཐབས་བེད་སྤྱད་དེ་ཏང་འཛུགས་བྱ་བ་སྤེལ་མཁས་བྱས་ནས། ཧུར་ཐག་སྒོས་ཏང་གི་རྩ་འཛུགས་དང་ཏང་གི་བྱ་བས་དྲ་ཐོག་དང་ཡུལ་དངོས་གང་ཡིན་སར་ཁེབས་པ་མངོན་འགྱུར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྩ་བ་བརྟན་ཞིང་སྟོབས་དང་ལྡན་ལ། སེམས་རྩ་བརྟན་པའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་བསམ་བློའི་འཛུགས་སྐྲུན་གྱི་རྨང་གཞི་འདི་དམ་འཛིན་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གཤིས་སློབ་གསོར་ཤུགས་སྣོན་བྱེད་དགོས། དུས་རྒྱུན་རང་བཞིན་གྱི་སློབ་གསོ་དང་གཅིག་བསྡུས་རང་བཞིན་གྱི་སློབ་གསོ། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ། ལག་ལེན་བེད་སྤྱོད་བྱེད་པ། ཏང་གཤིས་ཡོད་པ་དང་འཇོན་ནུས་ཆེ་བ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྲོལ་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་བའི་ཡུན་རིང་ནུས་ལྡན་རྐྱེན་སྲོལ་འཐུས་ཚང་དུ་དངོས་འབེབས་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བྱས་ཤིང་། ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་དང་། ཏང་གི་སྒྲིག་ལམ་ནན་སྲུང་བྱེད་པ། འབད་འབུངས་ཀྱི་སྤྱོད་ཚུལ་བཅས་གཅིག་ཏུ་སྦྲེལ་ནས་ཉིན་རྒྱུན་གྱི་འཚོ་བར་འདྲེས་པར་བྱེད་པ་དང་གོམས་སྲོལ་དུ་འགྱུར་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནད་ཕིགས་ཤུགས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་ལྟ་རྟོག་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་ཏང་གཤིས་ཏང་སྲོལ་ཏང་སྒྲིག་བཅས་མཉམ་དུ་འཛིན་པ་དང་ནད་གསོ་སྟོབས་སྤེལ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཡོན་གྱི་དོ་དམ་རྐྱེན་སྲོལ་ལེགས་བཅོས་དང་ལས་བྱེད་པར་དོ་དམ་དང་ལྟ་རྟོག་ནན་མོ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྲོལ་བཟང་སྒྲིག་ནན་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་རང་ངོས་ཀྱི་ལྟ་རྟོག་དང་མི་དམངས་ཀྱི་ལྟ་རྟོག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། རིགས་སྣ་ཚོགས་ཀྱི་ལྟ་རྟོག་གཅིག་འབྲེལ་མཐུན་སྦྱོར་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་གཅིག་གྱུར་མགོ་ཁྲིད་དང་ཀུན་ལ་ཁྱབ་པ། དབང་གྲགས་ནུས་མཐོའི་ལྟ་རྟོག་མ་ལག་འཐུས་ཚང་དུ་གཏོང་དགོས། ཤུགས་ཆེན་པོས་ཆབ་སྲིད་ལྟ་རྟོག་དང་མགོ་ཁྲིད་ཚན་ཁག་དང་ཁྱད་པར་དུ་མགོ་ཁྲིད་དང་པོའི་ལྟ་རྟོག་དང་གལ་ཆེན་གསུམ་དང་ཆེན་པོ་གཅིག་གི་ལས་དོན་གྱི་ལྟ་རྟོག དེ་མིན་དབང་ཤུགས་གཅིག་བསྡུས་དང་མ་དངུལ་གཅིག་འདུས། ཐོན་ཁུངས་གཅིག་འདུས་སོགས་ཁྱབ་ཁོངས་སོ་སོའི་ལྟ་རྟོག་དམ་འཛིན་བྱས་ཏེ། ཟོལ་མེད་ཀྱིས་ཁྱད་དབང་སྣང་ཚུལ་དང་རུལ་སུངས་གནད་དོན་སྦས་སྐོང་བྱེད་སའི་གནས་མེད་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བ་དང་། ཕན་ནུས་ལྡན་ལ་སྤྱོད་སྒོ་ཆེ་བའི་ལམ་ལུགས་མ་ལག་འཐུས་ཚང་དུ་འཛུགས་དགོས། ངེས་པར་དུ་མ་ལག་གི་གྲུབ་ཚུལ་ལ་ཤུགས་སྣོན་བྱས་ཏེ་ལམ་ལུགས་འཛུགས་སྐྲུན་དང་ཏང་གི་དོ་དམ་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ། ཏང་གི་འཛུགས་སྐྲུན་བྱ་བ་སྣ་ཚོགས་དང་འཚམ་པར་བྱས་ནས་ཕྱོགས་ཡོངས་ནས་ལམ་ལུགས་ཞིབ་ཚགས་སུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་འཛུགས་སྐྲུན་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྟེང་གི་བཀོད་པ་དང་ཆད་ལྷག་ཁ་གསབ། སྤུས་ནུས་མཐོར་འདེགས་བྱ་བ་བཟང་བོར་བསྒྲུབས་ཏེ། ལག་ལེན་དགོས་མཁོར་ཁ་ཕྱོགས་ནས་དུས་ལྟར་ཉམས་མྱོང་དང་བྱེད་ཐབས་བཟང་བོ་དེ་ལམ་ལུགས་ཀྱི་མཐོ་ཚད་དུ་མཐོར་འདེགས་བྱེད་པ་དང་། ལམ་ལུགས་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་བྱས་ནས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་དེ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བརྗོད་དོན་དང་རེ་བ་གསལ་བའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་འཛུགས་དགོས། ངེས་པར་དུ་རིམ་པ་དང་རིགས་དགར་ནས་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་འགན་འཁྲི་ཤེས་པ་དང་། ཁག་ཁུར་ཡོད་པ། འགན་འཁྲི་ལག་བསྟར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་གསལ་བོ་བྱེད་པ་དང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འགན་འཁྲི་གསལ་བོ་བྱེད་པ། ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའི་འགན་འཁྲི་གསལ་བོ་བྱེད་པ། མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཏང་གི་བཅོས་སྐྱོང་དང་ཏང་གི་དོ་དམ་འགན་འཁྲི་གསལ་བོ་བྱེད་དགོས་ལ། ཏང་ཡོན་དང་ལས་བྱེད་པའི་བྱེ་བྲག་གི་འགན་འཁྲི་གསལ་བོ་བྱེད་དགོས། གནད་ལ་འཁེལ་ཅིང་ཚན་རིག་དང་མཐུན་པའི་འགན་འཁྲིའི་རྩད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། འགན་འཁྲི་གཙོ་བོ་དང་ལས་འགན་རེ་བ། འགན་འཁྲིའི་རྩད་གཅོད་ཀྱི་དཔྱད་ཞིབ་བཅས་དོན་འཁྱོལ་ཡོང་བར་བྱས་ནས་ཏང་གི་དོ་དམ་དང་བཅོས་སྐྱོང་གི་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་སྣེ་ཁྲིད་དང་དཔེ་སྟོན་གང་ལེགས་བྱས་ཤིང་། རང་གཅུན་ནན་མོ་དང་འགན་འཁྲི་ནན་སྲུང་། དོ་དམ་ནན་མོ་བཅས་བྱས་ཏེ། ཏང་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་བཅོས་སྐྱོང་བཟང་བོ་དང་འཛུགས་སྐྲུན་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།
བསོད་ནམས་ཚེ་རིང་གིས་བསྒྱུར།