ཞི་ཅིན་ཕིང་ཨ་སི་ཐ་ནར་འབྱོར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པར་ཞུགས་པར་མ་ཟད་ཧཱ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་།
ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས2ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་དེ་ཨ་སི་ཐ་ནར་འབྱོར་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་། ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་ཧཱ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་།
ཞི་ཅིན་ཕིང་སྡོད་པའི་ཆེད་བཏང་གནམ་གྲུ་ཧཱ་སག་སི་ཐན་གྱི་མངའ་ཁོངས་བར་སྣང་དུ་བསྐྱོད་རྗེས་ཧཱ་སག་སི་ཐན་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་གསུམ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་བྱས།
ཆེད་བཏང་གནམ་གྲུ་ཨ་སི་ཐ་ན་ཡི་ནཱ་ཀྲའར་པཱ་ཡེ་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ་ཡིས་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་པོ་སི་ཁི་ལི་ཡའར་དང་། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ནུའུ་འར་ཐི་ལེ་ཝུའུ། ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་ཁཱ་ཅི་ཧན། ཨ་སི་ཐ་ནའི་ཧྲི་ཀྲང་ཁཱ་སི་མུའུ་པེ་ཁི་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས་པ་དང་། གཟབ་ཆས་སྤྲས་པའི་ཧཱ་སག་སི་ཐན་གྱི་ན་གཞོན་བུད་མེད་ཀྱིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ།ཐའོ་ཁཱ་ཡེ་ཧྥུའུ་ཡིས་གནམ་གྲུ་ཐང་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། གཟི་བརྗིད་དམག་མི100ལྷག་ཙམ་ཀྲོང་ངེར་འགྲེང་ཡོད་པ་དང་། དམག་དཔུང་རོལ་དབྱངས་ཚོགས་པས་མགྲོན་བསུའི་རོལ་དབྱངས་དང་དུང་བརྡ་དཀྲོལ་ཞིང་། ཧཱ་སག་སི་ཐན་གྱི་བྱིས་པ་བརྒྱ་ཙམ་གྱིས་ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས“ཁྱེད་བདེ་མོ”ཞེས་དགའ་འབོད་བྱས་པར་མ་ཟད་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་ཐའོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། ཧཱ་སག་སི་ཐན་གྱི་ལོ་ཆུང་བྱིས་པ་བཅུ་ལྷག་ཙམ་གྱིས་རྒྱ་ཡིག་གི་ལམ་ནས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་དབྱངས་བླངས།
ཞི་ཅིན་ཕིང་གིས་གནམ་གྲུ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་མཛའ་མཐུན་གྱི་ཧཱ་སག་སི་ཐན་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ32འགོར་བའི་རིང་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བས་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་ལ། ཁྱིམ་མཚེས་རྒྱལ་ཁབ་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། གཉིས་ཕན་མཉམ་རྒྱལ། ཕན་ཚུན་གྲུབ་འབྲས་བཅས་ཀྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ལོ11གི་ཡར་སྔོན་དུ་ངས་ཧཱ་སག་སི་ཐན་དུ“དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ”མཉམ་དུ་འཛུགས་སྐྲུན་བྱ་རྒྱུའི་གྲོས་འགོ་ཐོག་མར་བཏོན་པ་ཡིན། ད་ལྟ་ཀྲུང་གོ་དང་ཧཱ་སག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ངས་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཆར་གཞི་གསར་པ་འབྲི་རྒྱུ་དང་བཀོད་སྒྲིག་གསར་པ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནའི་རྩེ་ཚོགས་ལ་ཞུགས་ཏེ་ཕྱོགས་སོ་སོ་དང་མཉམ་དུ་རྩ་འཛུགས་ཀྱི་འབྱུང་འགྱུར་སྐོར་གླེང་མོལ་དང་མཉམ་ལས་ཀྱི་ཇུས་ཆེན་སྐོར་མཉམ་དུ་གྲོས་མོལ་བྱས་ནས་ཕྱོགས་མང་ལམ་སྲོལ་གལ་ཆེན་དེར་འཕེལ་རྒྱས་གསར་པ་དང་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བསྡད་ནས་ཧཱ་སག་སི་ཐན་དུ་འབྱོར།
ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཞའོ་ཡང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།
ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་དེ་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མིས་ལམ་འགྲམ་དུ་ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས“ཀྲུའུ་ཞི་ཞི་ཅིན་ཕིང་ཧཱ་སག་སི་ཐན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ”ཞེས་པ་སོགས་ཀྱི་འཕྲེད་བྱང་དམར་པོ་མཐོན་པོར་བསྒྲེངས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
ཤ་བོ་གསེར་མཚོས་བསྒྱུར།