ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ7པའི་ཚེས25ཉིན་ཚོགས་འདུ་བསྡུས་ནས། ཞོད་འགོག་དང་ཆུ་ལོག་འགོག་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་ནས་གསུང་བཤད་གལ་ཆེན་གནང་།
གྲོས་ཚོགས་ལས་བསྟན་དོན། ད་ལོར་རང་རྒྱལ་གྱི་གནམ་གཤིས་གནས་ཚུལ་ལ་འགྱུར་ལྡོག་ཡོད་པ་དང་། ཆར་པ་དྲག་པོ་འབབ་པའི་བརྒྱུད་རིམ་མང་བ་དང་དུས་ཡུན་རིང་བ། གཙང་པོ་དང་ཆུ་བོས་བསྐྱེད་པའི་ཆུ་ལོག་འབྱུང་སྔ་ཞིང་མྱུར་མོར་གང་སར་གནོད་པ་བྱུང་ཡོད་ལ། ས་ཆ་ཁག་གཅིག་ལ་ཆར་པ་དྲག་པོ་ཡང་ཡང་བབས་པས། ཞོད་འགོག་དང་ཆུ་ལོག་འགོག་པའི་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཏུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་བ། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱིའི་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བཅས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མེ་འགོག་རོགས་སྐྱོབ་དམག་དཔུང་། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་བཅས་ཀྱིས་བཀའ་ཐོས་མ་ཐག་ཏུ་མདུན་སྐྱོད་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་བློ་སེམས་གཅིག་སྒྲིལ་བྱས་ཏེ། མཉམ་དུ་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་འགོག་སྲུང་འཛིང་རགས་སྲ་ཞིང་བརྟན་པ་ཞིག་བསྐྲུན་པ་དང་། ཞོད་འགོག་དང་ཆུ་ལོག་འགོག་སེལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་ནི“ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་སྟོད”ཀྱི་ཞོད་འགོག་གི་གནད་འགག་དུས་མཚམས་སུ་སླེབས་ཡོད་ཅིང་། འབྲི་ཆུ་སོགས་འབབ་རྒྱུད་ཀྱི་ཞོད་འགོག་མཐོ་རླབས་དང་ཆུ་རགས་རྒྱག་པ་དང་དེར་བརྟེན་ནས་འགོག་པ། ཞོད་སྐྱོན་ཕྱིར་འབུད་བཅས་ཀྱི་གནོན་ཤུགས་སྔར་ལས་ཆུང་དུ་ཕྱིན་མེད་པ་དང་། རྨ་ཆུ་དང་ཧོའེ་ཧི་གཙང་པོ། ཧའེ་ཧི་གཙང་པོ། སུང་ལེའོ་གཙང་པོ་བཅས་ཀྱི་འབབ་རྒྱུད་དུ་ཆུ་འབྲུབ་པའི་གནས་ཚུལ་ཚབས་ཆེན་ཐོན་སྲིད་ཅིང་། རྒྱ་མཚོའི་རླུང་འཚུབ་ཀྱི་དུས་མཚམས་སུའང་སླེབས་ཡོད་པའི་དབང་གིས། ཞོད་འགོག་གི་དུས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་ཅན་དུ་གྱུར་ཡོད། དེར་བརྟེན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞོད་འགོག་དང་ཆུ་ལོག་འགོག་པའི་བསམ་པ་སྔར་ལས་ཇེ་དམ་དུ་བཏང་ནས། བྱ་བའི་རང་འགུལ་དབང་ཆ་དམ་པོར་བཟུང་སྟེ། ཞོད་འགོག་དང་ཆུ་ལོག་འགོག་སེལ་གྱི་དམག་འཐབ་དྲག་པོ་དེར་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།
གྲོས་ཚོགས་ལས་བསྟན་དོན། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་གཙོ་གནད་དུ་བཟུང་ནས། ལྟ་ཞིབ་ཚད་ལེན་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྔོན་ཚུད་ཉེན་བརྡའི་གནད་ལ་འཁེལ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་བ། སྔོན་ཚུད་ཉེན་བརྡ་དང་འཕྲལ་བསྟུན་དང་ལེན་གྱི་མཉམ་འགུལ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། བྱེད་ཐབས་སྤྱོད་ཚད་ཇེ་མགྱོགས་སུ་གཏོང་བ། འགོག་སྲུང་གི་གཙོ་གནད་མངོན་གསལ་ཅན་དུ་གཏོང་བ། གཞི་རིམ་གྱི་མཐའ་སྣེ་ལ་དམ་འཛིན་བཅས་བྱས་ནས། ཉེན་ཁའི་ས་ཁུལ་གྱི་མང་ཚོགས་སྔ་སྣུར་དང་འཕྲལ་ཐག་ཆོད་པོས་གནས་སྤོར་བྱས་ཏེ། མི་སྣ་ཤི་རྨས་བྱུང་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ཆུ་རགས་དང་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་ཆས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ། ཞོད་འགོག་སྐོར་ཞིབ་དང་འགོག་སྲུང་ལམ་ལུགས་དོན་འཁྱོལ་ཡོང་བར་བྱས་ནས། ཆུ་རགས་ཞན་ས་དང་ཉེན་ཁ་ཆེ་བའི་ཨར་ལས་ལམ་དུམ། ཆུ་མཛོད་སྐྱོན་ཅན་བཅས་ཀྱི་གཙོ་གནད་འགོག་སྲུང་མངོན་གསལ་ཡོང་བར་བྱེད་རྒྱུ་དང་། ཉེན་ཁ་ཞིབ་བཤེར་དང་ཉེན་སེལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་རགས་ཤོར་བ་དང་ཆུ་མཛོད་ཆེ་གྲས་དང་གཙོ་གནད་འབྲིང་གྲས་ཀྱི་ཆུ་རགས་ཤོར་བ་མཐའ་གཅིག་ཏུ་འགོག་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་སྔོན་འགོག་བཟོ་སྐྲུན་ལ་བཀོད་གཏོང་བྱེད་རྒྱུ་དང་ཆུ་འཁྱིལ་ས་ཁུལ་གྱི་བེད་སྤྱོད་དང་གྲ་སྒྲིག་ཞིབ་ཕྲ་ཅན་དུ་གཏོང་དགོས། ལྷོ་ཆུ་བྱང་འདྲེན་དང་ནུབ་རླངས་ཤར་འདྲེན། གཞུང་ལམ་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་། དེ་བཞིན་གྲོང་ཁྱེར་གྱི་ས་འོག་བར་སྟོང་དང་ཟམ་པ་དང་ཕུག་ལམ་སོགས་གཙོ་གནད་ཁག་ལ་དམ་པོར་དམིགས་ཏེ། ཉེན་ཁ་དང་འགལ་རྐྱེན་ལ་སྔར་ལས་གྲལ་བཤེར་བྱེད་རྒྱུ་དང་། འཕྲལ་བསྟུན་བྱེད་ཐབས་དོན་འཁྱོལ་བྱས་ནས། བདེ་འཇགས་འཁོར་སྐྱོད་ལ་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་བྱས་ཏེ། གཅིག་གྱུར་འཆར་འགོད་དང་སྔོན་དཔག་སྟ་གོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། ཉེན་སེལ་རུ་ཁག ཀྲུང་དབྱང་ཁེ་ལས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཕྲལ་བསྟུན་རྣམ་པ་རྒྱུན་འཁྱོངས་དང་གཅིག་གྱུར་བཀོད་གཏོང་ལ་རྩེ་གཅིག་ཏུ་ཉན་ནས། མགྱོགས་མྱུར་ངང་བཀོད་གཏོང་དང་ལེན་བྱེད་པ་དང་ནུས་པ་ཆེ་བའི་རོགས་སྐྱོབ་འགན་ལེན་བྱེད་དགོས་ལ། དུས་ཐོག་ཏུ་གནོད་སེལ་མ་དངུལ་གཏོང་བ་དང་གནོད་སེལ་དངོས་ཟོག་གཏོང་འདྲེན་བྱེད་དགོས་པར་མ་ཟད། འགན་བཅོལ་སྐྱིན་ཚབ་འཇལ་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དང་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། མང་ཚོགས་ཀྱིས་སྨན་པར་སྟོན་པ་དང་སློབ་མ་སློབ་འགོ་ཚུགས་པ་སོགས་ཀྱི་དགོས་མཁོར་འགན་སྲུང་ཡག་པོ་བྱེད་དགོས། ཆུ་བེད་དང་གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་ཆས་གང་མགྱོགས་ཀྱིས་སླར་གསོ་བྱས་ཏེ། གནོད་འཚེ་ཐེབས་པའི་མང་ཚོགས་ལ་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས། ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་དགོས། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ལས་དོན་ཏན་ཏིག་ངང་སྒྲུབ་ནས། ཞིང་ལས་ཀྱི་གྱོང་གུད་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱ་དགོས། གནོད་འཚེ་ཐེབས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་ཏེ། གནོད་འཚེ་ཐེབས་པའི་དབང་གིས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་དགོས། སླར་ཡང་འཕྲལ་བསྟུན་འགན་སྲུང་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཞོད་སྐྱོན་ཕྱིར་འབུད་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་ཆེ་བའི་ཆུ་མཛོད་དང་ཆུ་བོ་ཆུང་འབྲིང་གི་ཆུ་རགས། ཆུ་འཁྱིལ་ས་ཁུལ་སོགས་ཆུ་ལོག་སྔོན་འགོག་བཟོ་སྐྲུན་དང་ཞིང་ཁའི་ཞོད་སྐྱོན་ཕྱིར་འབུད་ཀྱི་ཞན་ཆ་དུས་ལྟར་ཁ་གསབ་བྱེད་དགོས་ཤིང་། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། གཞི་རིམ་གྱི་འཕྲལ་བསྟུན་རྨང་གཞི་དང་སྟོབས་ཤུགས་མངོན་སུམ་གྱིས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཕྱོགས་བསྡུས་གནོད་སྐྱོན་ཆུང་དུ་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། རིམ་པོ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་ཀྱིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཅར་ཏེ་བཀོད་འདོམས་བྱེད་པ། འབྲེལ་ཡོད་ཕྱོགས་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པ་དང་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས།
གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་འཛིང་གི་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞོད་འགོག་དང་ཆུ་ལོག་འགོག་སེལ་གྱི་འཐབ་ཕྱོགས་དང་པོར་དཔའ་ངར་ཆེན་པོས་སྔོན་ལ་བརྩོན་ལེན་དང་འགན་འཁྲི་ཁུར་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།