ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་བཞི་ཐོག་གི་གྲོས་ཚོགས་ཁང་དུ། ས་དེ་ནས་ཡོང་བའི་འབྲོག་པ་མང་ཚོགས་དང་གཞི་རིམ་ཏང་ཡོན། གཞིས་ཁུལ་གྱི་ལས་བྱེད་པ་བཅས་མི་བརྒྱ་ལྷག་གིས་སོ་སོར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་དང་དགེ་རྒན་ཞའོ་ཧྥེ་ཞུའེ། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་རྨ་ཆུའི་ཀུང་ཟི་ཟི་ལིང་ཡན་ལག་ཀུང་ཟིའི་བཟོ་རྩལ་བཟོ་བཀོད་པ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཝེ་རུང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པའོ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་གཙོད་གནས་མཚེའུ་སྲུང་སྐྱོང་ས་ཚིགས་ཀྱི་འགོ་གཙོ་ཆོས་འཕེལ་བཀྲ་ཤིས། ཁྲ་གླིང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འཇིགས་མེད་རྡོ་རྗེ་བཅས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དྲུག་གི་སྒྲོག་འགྲེལ་སྙན་ཞུ་ལ་ཉན།
ཁྲང་ཐུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་གཟིགས་ཞིབ་མཛད་པའི་སྐབས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་བྱས་པར་ཉན་རྗེས། འབྲོག་པ་རིག་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་ནས་གྲོང་གསེབ་དར་སྤེལ་བར་གྱི་འཕོ་འགྱུར་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་ཆེན་པོ་བྱས་པའི་གྲུབ་འབྲས་ཡིན། ང་ཏང་ཡོན་ཞིག་ཡིན་པས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ། ཧུར་ཐག་གིས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་ནས། གྲུབ་འབྲས་བཟང་བོ་བླངས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་ལན་འཇལ་རྒྱུ་ཡིན་ཟེར།
རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་སྲིད་གཞུང་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་ཚབ་ལིས་ཧུང་ཧྲུན་གྱིས། དགེ་རྒན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་སྣང་ཚུལ་གསལ་བོར་བཤད་པ་དང་། ཁོ་ཚོས་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་བྱས་པ་དེས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད། ང་ཚོའི་བྱ་བ་ནན་ཏན་སྒོས་སྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཅངས་པའི་རེ་སྒུག་སྟོང་ཟད་དུ་མི་གཏོང་བའི་བརྩོན་སེམས་ཇེ་བརྟན་དུ་བཏང་སོང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། གཞི་རིམ་ལ་རྐང་འཛུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་བ། རང་འགུལ་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།
དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོ་ཁྱི་འབྲི་སྡེ་བ་ནི་ཐེངས་འདིའི་སྐོར་སྐྱོད་སྒྲོག་འགྲེལ་ས་ཚིགས་གཉིས་པ་རེད། ཟླ7པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ལས་བྱེད་པ་དང་མང་ཚོགས་སུམ་བརྒྱ་ལྷག་གིས་ཏང་ཡོན་བྱ་འགུལ་ཁང་ནས་ཐེངས་འདིའི་སྒྲོག་འགྲེལ་ལ་ཉན། སྐོར་སྐྱོད་སྒྲོག་འགྲེལ་འགོ་བརྩམས་མ་ཐག པན་ཡན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པོ་ཡིས། སྡེ་བའི་འགྱུར་ལྡོག་ངོ་སྤྲོད་བྱས་པ་དང་། སྡེ་བ་དེའི་གྲུབ་འབྲས་རེ་རེར་སྒྲོག་འགྲེལ་ལ་ཞུགས་པའི་མི་ཚང་མས་དགའ་བསུ་བྱས། ཁྱི་འབྲི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀུན་དགའ་རྒྱལ་མཚན་གྱིས་བཤད་རྒྱུར། མཛེས་སྡུག་འཚོ་བ་དེ་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དང་འབྲལ་ཐབས་མེད་པ་དང་། ལོ་འདི་དག་གི་རིང་ལ། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ང་ཚོ་ཡུལ་ཚོའི་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་ལ། ན་ནིང་ཐོན་ལས་ཀྱི་ཡོང་སྒོ་སྒོར་ས་ཡ་གཉིས་དང་འབུམ་བཞི་ལ་སླེབས། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། ཞི་མཛེས་ཁྱི་འབྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་རྒྱུ་ཡིན་ཟེར།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་གཙོད་གནས་མཚེའུ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཆོས་འཕེལ་བཀྲ་ཤིས་ཀྱི་སྒྲོག་འགྲེལ་ལ་ཉན་དུས། ཉན་མཁན་བསོད་ནམས་མགོན་གྱིས་ང་ནི་སྐྱེ་ཁམས་དོ་སྲུང་པ་ཞིག་ཡིན་པ་དང་། ངས་ཆོས་འཕེལ་བཀྲ་ཤིས་དང་འདྲ་བར་སྒེར་སེམས་མེད་པར་ཡོད་ཚད་བློས་གཏོང་ཐུབ་པའི་མི་རྣམས་ལ་དགའ་མགུ་ཡི་རངས་བྱེད་ཀྱིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། བློ་སེམས་རྩེ་གཅིག་གིས་ཕ་ཡུལ་གྱི་རི་ཆུ་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། ཆུ་དྭངས་རི་ལྗང་དེ་མི་རབས་ནས་མི་རབས་སུ་བརྒྱུད་ཐུབ་པར་བྱེད་རྒྱུ་ཡིན་ཟེར།
ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་འདན་མ་གཞིས་ཁུལ་དུ། རྨ་ཆུའི་ཀུང་ཟིའི་ཝེ་རུང་གིས་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་སྤེལ། སྒྲོག་འགྲེལ་ལ་ཉན་རྗེས། ད་ལོར་ལོ་དྲུག་ཅུ་ཡིན་པའི་ཀུན་བྷོས་བཤད་རྒྱུར། 2019ལོར། ངེད་ཚང་རྒྱུད་སྨད་གྲོང་རྡལ་འདན་མ་གཞིས་ཁུལ་དུ་གནས་སྤར་ནས། ཁོད་ཡངས་ཤིང་གྲལ་དག་པའི་ཐོག་ཁང་ནང་དུ་འདུག་ཐུབ་པ་བྱུང་ལ། སྲིད་གཞུང་གིས་ད་དུང་སྨན་བཅོས་འགན་སྲུང་དང་ལས་ཞུགས། བྱིས་པའི་སློབ་ཞུགས་སོགས་ཀྱི་གནས་ཚུལ་ཐག་བཅད་ཡོད་ཟེར།
ཉིན་གསུམ་གྱི་རིང་ལ། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དྲུག་པོས་དཔེ་གཞི་དངོས་དང་གོ་བདེ་བའི་སྐད་ཆ་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གནས་ཚུལ་དང་གསུང་བཤད་སྒྲོག་འགྲེལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཆེན་པོའི་འོག ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་སྒྲོག་འགྲེལ་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཕན་འབྲས་ལྡན་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་སྒྲོག་འགྲེལ་བྱས།
དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་གྱི་གྲོང་གཙོ་ཚེ་རིང་སྒྲོལ་མས་བཤད་རྒྱུར། ང་ཚོས་མངགས་བཅོལ་ཡིད་ལ་བརྟན་པོར་འཛིན་པ་དང་། དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཕྲག་ཏུ་བླངས་ནས། སྐྱོད་ལམ་གསར་པའི་སྟེང་ཡང་བསྐྱར་གྲུབ་འབྲས་གསར་པ་ལེན་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།