ཟླ7པའི་ཚེས29ཉིན། རྒྱལ་ཡོངས་ཀྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། གཟེངས་བསྟོད་ཐོབ་པའི་དཔེ་སྟོན་ལས་ཁུངས་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་སྤེལ་མཁན་གྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་དེ་སྒྱུར་འཕེལ་བརྟན་གསུམ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ། དམག་དཔུང་དར་རྒྱས་གཏོང་བ་བཅས་ཀྱི་བྱ་གཞག་དང་འབྲེལ་བ་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་གྱིས་འགན་འཁྲི་གསར་པ་འཁུར་རྒྱུ་དང་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་རེ་འདུན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། རྩ་འཛུགས་དོ་དམ་མ་ལག་དང་ལས་ཀའི་འཁོར་སྐྱོད་མ་ལག སྲིད་ཇུས་ལམ་ལུགས་མ་ལག་བཅས་མུ་མཐུད་འཐུས་ཚང་དུ་གཏོང་བར་རྩེ་གཅིག་ཏུ་འབད་དེ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་བསྡུ་ལེན་ཐད་བཀོད་སྒྲིག་ཡག་པོ་བྱེད་པ་དང་ཞབས་ཞུ་འགན་སྲུང་ཡག་པོ་བྱེད་པ། སློབ་གསོ་དོ་དམ་ཡག་པོ་བྱེད་པ། ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཁེ་དབང་ལ་སྲུང་སྐྱོབ་ཡག་པོ་བཅས་བྱས་ཏེ། དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་མི་ཞིག་ཏུ་འགྱུར་བར་བྱེད་དགོས། རྒྱ་ཆེའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ཡིས་དུས་ནམ་ཡང་གསར་བརྗེའི་དམག་མིའི་རང་གཤིས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། རྒྱལ་གཅེས་ཀྱི་བསམ་པ་ཡོད་ཅིང་བྱས་རྗེས་འཇོག་ནུས་པ། འབད་འབུངས་ཧུར་བརྩོན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་སྔར་ལས་གང་མང་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།