ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2024.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ7པའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས་པར་མ་ཟད། 《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ》ལ་གྲོས་ཞིབ་ཀྱང་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ད་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་དཀའ་ངལ་གདོང་གིས་བསུ་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་བ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བཏང་བ། སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་བསྣན་པ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་འཇལ་བ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད་ལ། མུ་མཐུད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་པ། སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་སྐྱེད་སྲིང་གང་མགྱོགས་བྱས་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་སྟེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད།

གྲོས་ཚོགས་ལས་བསྟན་དོན། མིག་སྔར་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ནང་གི་ནུས་ལྡན་དགོས་མཁོ་མི་འདང་བ། དཔལ་འབྱོར་འཁོར་སྐྱོད་ཁ་ཐོར་དུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་འགལ་རྐྱེན་སྔར་བཞིན་ཅུང་མང་བ་བཅས་ཀྱི་དབང་གིས། འགུལ་ནུས་གསར་རྙིང་བརྗེ་སྤོར་བྱེད་པར་དཀའ་ངལ་ལ་འཕྲད་ཡོད་ཅིང་། འདི་དག་ནི་འཕེལ་རྒྱས་དང་ཚུལ་སྒྱུར་ཁྲོད་ཀྱི་གནད་དོན་ཡིན་པས། ང་ཚོས་ཉེན་ཁའི་འདུ་ཤེས་དང་མ་མཐའི་མཚམས་ཐིག་གི་བསམ་གཞིགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཧུར་བརྩོན་དང་རང་འགུལ་ངང་ཁ་གཏད་འཇལ་དགོས་པར་མ་ཟད། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཀྲུང་གོའི་དཔལ་འབྱོར་གྱི་འོད་སྣང་སྨྲ་བ་ཕྱོགས་སུ་སྒྲོག་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་སྨད་དུ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་བརླིང་གི་ཁྲོད་ཡར་ཐོན་ཡོང་ཐབས་བྱེད་པའི་བྱ་བའི་སྤྱིའི་དགོངས་དོན་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་བློ་བརྟན་འགྱུར་མེད་སྒོས་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒུལ་ཤུགས་སུ་བྱས་ནས་བརྟན་པོའི་ངང་འཕར་སྣོན་འབྱུང་བར་བྱེད་པ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆ་རྐྱེན་འཛོམས་པ་དང་དངོས་སུ་ཚོར་ཐུབ་པའི་བཅོས་སྒྱུར་བྱེད་ཐབས་ཁག་གཅིག་དུས་ཐོག་ཏུ་འདོན་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དགེ་མཚན་ཕན་ཚུན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཐོན་དབང་སྲུང་སྐྱོབ་དང་ཚོང་རར་ཞུགས་ཆོག་པའི་དབང་ཆ། མ་རྩ་རྡིབ་ནས་ཕྱིར་འཐེན་བྱེད་པ་སོགས་ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ས་གནས་ཁ་ཤས་ཀྱིས་སྲིད་འཛིན་དང་ཉེས་དོན་གྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རྩོད་གཞིར་ཐེ་གཏོགས་བྱེད་པར་སྔོན་འགོག་དང་ཡོ་བསྲང་བྱེད་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་བཅོས་སྒྱུར་གསར་གཏོད་དང་དྲང་གཞག་འགྲན་རྩོད་ཁྲོད་འཛམ་གླིང་གི་ཁེ་ལས་རྩེ་གྲ་སྔར་ལས་གང་མང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁོག་སྲིད་ཇུས་ལ་མུ་མཐུད་ཤུགས་སྣོན་པ་དང་སྔར་ལས་ཤུགས་སྣོན་རྒྱག་དགོས། དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། གཏན་འཁེལ་བྱས་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་གང་མགྱོགས་བྱེད་པ། འཕར་ཚད་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་གང་མགྱོགས་གསོག་འཇོག་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་འདོན་དགོས། ཆེད་དོན་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་པའི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་སྤྱོད་ཤུགས་ཆེ་བའི་འཛད་སྤྱོད་དངོས་རྫས་རྙིང་པ་འབོར་ཆེན་གསར་བརྗེ་བྱེད་པར་སྐུལ་འདེད་སྔར་ལས་ཤུགས་ཆེན་གཏོང་དགོས། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་བཏང་ནས། “འགན་སྲུང་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་སྣ་ཚོགས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིག་གི་མ་རྩ་བརྟན་པོའི་ངང་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་སྟེང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་ཡོང་བར་ཤུགས་སྣོན་ནན་མོ་བརྒྱབ་སྟེ། ཕྱོགས་གང་ཅིའི་ཐད་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྟོབས་ཆེན་གྲུབ་པར་བྱེད་དགོས། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་གཙོ་ཁྲིད་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཛད་སྤྱོད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་གཙོ་བོ་སྟེ་དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་སྔར་ལས་བསྒྱུར་གང་ཐུབ་བྱེད་དགོས་པ་དང་། ཐབས་ལམ་མང་པོར་བརྟེན་ནས་གྲོང་མིའི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་ཡོང་འབབ་དམའ་འབྲིང་ཚོགས་སྤྱིའི་འཛད་སྤྱོད་ནུས་པ་དང་འདོད་མོས་མངོན་སུམ་ཆེ་རུ་གཏོང་བ། ཞབས་ཞུའི་འཛད་སྤྱོད་དེ་འཛད་སྤྱོད་རྒྱ་སྐྱེད་རིམ་སྤོར་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། རིག་གནས་ཡུལ་སྐོར་དང་རྒན་གསོ། ཕྲུ་གུ་གསོ་བ། ཁྱིམ་ལས་སོགས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་ཧུར་བརྩོན་རང་བཞིན་ལ་སྔར་ལས་སྐུལ་སློང་བྱས་ཏེ། ཕན་ནུས་ལྡན་པའི་དངུལ་གཏོང་རྒྱ་སྐྱེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགག་རྩ་དང་ལྟེ་གནད་དུ་གྱུར་བའི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁེ་ལས་སྣ་མང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ལས་རིགས་ཀྱི་རང་གཅུན་བྱེད་ཤུགས་ཆེ་རུ་བཏང་སྟེ། “ནང་སྒྲིལ་རྣམ་པའི”འགྲན་རྩོད་ངན་པ་སྔོན་འགོག་བྱེད་དགོས། ཚོང་རའི་ལེགས་རྒྱལ་ཞན་ཕམ་ལམ་སྲོལ་ལ་ཤུགས་བསྣན་ཏེ། རྗེས་ལུས་དང་ཕན་འབྲས་ཆུང་བའི་ཐོན་ནུས་ཕྱིར་འཐེན་བྱེད་པའི་ཐབས་ལམ་བཀག་མེད་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གང་མགྱོགས་བསྐྲུན་རྒྱུ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཀྱི“གཙང་སེལ”བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། རེས་སྐོར་གསར་པའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་ཚོད་ལྟའི་བྱ་ཐབས་བཏོན་ནས། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ནས་ཁེ་ལས་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་གང་ལེགས་བྱས་ནས། བར་གྱི་ཐོན་རྫས་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་རྒྱ་སྐྱེད་གཏོང་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་དོགས་ཟོན་དང་སེལ་གང་ཐུབ་བྱེད་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་ཞིང་བདེ་ཐང་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་གསར་པ་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། གསོག་ཚད་ཁོང་དུ་ཆུད་པར་བྱེད་པ་དང་འཕར་ཚད་ཇེ་ལེགས་སུ་གཏོང་བ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། གསོག་ཚད་ཚོང་ཟོག་ཁང་པ་ཉོ་སྒྲུབ་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་པར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཁང་པ་དུས་ལྟར་སྤྲོད་པའི་འགན་སྲུང་ལས་དོན་སྔར་ལས་ལེགས་པར་བསྒྲུབས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས། ས་གནས་ཀྱི་བུ་ལོན་རབ་དང་རིམ་པ་ཅན་གྱི་ཇུས་གཞི་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་བསྐྲུན་ནས་ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་བུ་ལོན་ཉེན་ཁ་མགྱོགས་མྱུར་ངང་སེལ་དགོས། ཉེན་ཁ་སྔོན་འགོག་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། མ་དངུལ་གཏོང་མཁན་གྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་མ་རྩའི་ཁྲོམ་རའི་ནང་གནས་ཀྱི་བརྟན་བརླིང་རང་བཞིན་མངོན་སུམ་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ནན་མོ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བར་འགན་ལེན་བྱེད་དགོས། རྨོ་ཞིང་ལ་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་པ་དང་། ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས། ལོ་ཧྲིལ་པོར་འབྲུ་རིགས་ལོ་ལེགས་ཆེན་པོ་ཡོང་ཐབས་སུ་རྩེ་གཅིག་ཏུ་འབད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་ལ་ཤུགས་བསྣན་ཏེ། སློབ་ཆེན་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཡག་པོ་བསྒྲུབ་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་འགན་སྲུང་དྲ་བ་བརྟན་པོར་འཛུགས་དགོས། འབྲུབ་འགོག་དང་ཆུ་ལོག་འགོག་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས་པ་དང་།ད བྱར་དུས་ཀྱི་ནུས་ཁུངས་དང་གློག་ཤུགས་མཁོ་སྤྲོད་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། ཟས་རིགས་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཟབ་སྤེལ་བྱས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི” ་དུས་འགོའི་ཞིབ་འཇུག་དང་འཆར་འགོད་ལས་དོན་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་གཅོང་ནད་ངན་རེངས་ཅན་ཞིག་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཡིན་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་རྐང་ལག་འཆིང་སྡོམ་བྱེད་མི་རུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་སོ་སོས་ལས་དོན་བཀོད་སྒྲིག་བྱེད་སྐབས་དངོས་ཐོག་བདེན་འཚོལ་བྱེད་དགོས། ཞིང་ཆེན་མན་གྱི་རིམ་པ་སོ་སོའི་ཏང་ཨུ་ཡིས་གཙོ་འགན་མཐའ་གཅིག་ཏུ་འཁུར་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལམ་ལུགས་འཛུགས་སྐྲུན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་འགན་དབང་དང་འགན་འཁྲི་སྔར་ལས་མཐུན་སྦྱོར་ཡོང་བར་བྱེད་པ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། དཔེ་སྟོན་གསར་གཏོད་དང་ཚད་ལོན་བྱེད་སྒོ་ཁུ་བསྡུ་དང་དཔེ་སྟོན་གསར་གཏོད་ཀྱི་ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱེད་དགོས་ལ། དེ་ནི་གཞི་རིམ་ནས་ལས་བྱེད་པ་སྐོང་འཐེན་དང་གཡར་ལེན་ཚད་ལྡན་ཅན་དུ་གཏོང་བ་དང་། སྲིད་དོན་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་གོ་རིམ་ཚད་ལྡན་ཅན་དུ་གཏོང་བའི་བྱེད་ཐབས་ཤིག་ཡིན། ཏང་ཡོན་ལས་བྱེད་པ་སྤྱི་དང་ཁྱད་པར་དུ་གཞི་རིམ་མང་ཚོགས་ཀྱིས་བསམ་འཆར་དྲག་པོ་བཏོན་པའི་གནད་དོན་འབུར་ཐོན་རྣམས་རེ་རེ་ཤེས་རྟོགས་བྱས་ནས་རེ་རེ་བཅོས་སྒྲིག་བྱེད་དགོས། དཔེ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ངེས་ཅན་ལྡན་པའི་གནད་དོན་ལ་སྟོབས་ཤུགས་གཅིག་བསྡུས་སྒོས་ཆེད་དོན་བཅོས་སྒྲིག་དང་གཙང་བཤེར་བྱས་ཏེ། གཞི་རིམ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་སྡོམ་ཁྲོད་ནས་ཡོངས་སུ་ཐར་ཐབས་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱེད་པ། འགན་འཁུར་བའི་བྱ་སྤྱོད་ལ་སྐུལ་མ་གཏོང་བ། དོན་འཁྱོལ་དམ་འཛིན་བྱེད་པའི་སེམས་ཤུགས་སྔར་ལས་གང་མང་འཕེལ་བར་བྱེད་པ་བཅས་ལ་རྩེ་གཅིག་ཏུ་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།