ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་སྤྲིངས་པའི་ཤིས་འཕྲིན།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་སྤྲིངས་པའི་ཤིས་འཕྲིན།

ཀྲུང་གོའི་ལུས་རྩལ་འཐུབ་ཚབ་ཚོགས་པར།

དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས33པའི་སྟེང་དུ། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་སྙིང་རུས་ཆེན་པོས་འབད་འཐབ་དང་ཞུམ་པ་མེད་པར་སྔོན་ཐོན་བརྩོན་ལེན། འགན་འཁྲི་ལྷོད་གཡེང་དུ་མི་གཏོང་བ་བཅས་ཀྱི་སྒོ་ནས་གསེར་གྱི་རྟགས་མ40དང་དངུལ་གྱི་རྟགས་མ27། ཟངས་ཀྱི་རྟགས་མ24བཅས་བླངས་ནས། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་ཕན་འབྲས་གཟེངས་སུ་ཐོན་པ་བླངས་ཏེ། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་དང་མཚན་སྙན་བརྩོན་ལེན་བྱས་ཡོད་པའི་དབང་གིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱོད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན།

སྐབས་འདིའི་ཨོ་རྩལ་འགྲན་ཚོགས་སྟེང་དུ། ཁྱོད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་སུ་བཅུག་སྟེ། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་ཉམས་སྣང་གི་གསེར་གྱི་རྟགས་མ། བབ་གཙང་གི་གསེར་གྱི་རྟགས་མ་བཅས་རྒྱུན་འཁྱོངས་བྱས་ཏེ། སྙིང་རུས་ཆེ་བའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་བབ་བརླིང་གི་སྤྱོད་ཚུལ། རྩལ་ནུས་ཆེན་པོ་བཅས་ལ་བརྟེན་ནས། ཀྲུང་གོའི་ལུས་རྩལ་གྱི་ཧུར་བརྩོན་མདུན་སྐྱོད་ཀྱི་ལེའུ་གསར་པ་ཞིག་བྲིས་ཡོད།  ཁྱོད་ཚོས“སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ཆེ་བ། སྔར་ལས་མཐུན་སྒྲིལ་ལྡན་པ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་འབད་པས་ལག་ལེན་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་ལྷན་དུ། འདྲ་མཉམ་འགྲན་རྩོད་དང་མཛའ་མཐུན་བརྗེ་རེས་བྱས་ཏེ། རྩལ་ནུས་ཆེ་རུ་ཕྱིན་པ་དང་མཛའ་བརྩེ་སྔར་ལས་ཇེ་དམ་དུ་སོང་ནས། འཛམ་གླིང་ཡོངས་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ཉམས་སྣང་བསྟན་པར་མ་ཟད། ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་སྙིང་སྟོབས་ཀྱང་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས།  ཁྱོད་ཚོའི་ཕུལ་དུ་བྱུང་བའི་གྲུབ་འབྲས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་རྒྱལ་གཅེས་སྤྲོ་སེམས་སྔར་ལས་འཕེལ་བར་བྱས་པ་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱས་པར་མ་ཟད། མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།

ཁྱོད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་པའི་ལས་འགན་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། རྩལ་འགྲན་ལུས་རྩལ་གྱི་ཡང་རྩེ་གསར་པར་ཟམ་མི་ཆད་པར་སླེབས་པར་བྱས་ཏེ། མང་ཚོགས་ཀྱི་ལུས་རྩལ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་སྤེལ་ཐུབ་པའི་རེ་ལྟོས་ཆེ།

མེས་རྒྱལ་དང་མི་དམངས་ཀྱིས་ཁྱོད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་པར་རེ་ལྟོས་བྱེད་བཞིན་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།

2024ལོའི་ཟླ8པའི་ཚེས11ཉིན་སྤྲིངས།


བན་དེ་སྐྱབས་ཀྱིས་བསྒྱུར།