ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གཉིས་པ་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་མ་ཟད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་བྱེད་པ་དང་དང་བླངས་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ། ལོ་བཅུའི་རིང་ཆུ་མཛོད་ཁུལ་གྱི་མང་ཚོགས་སྔར་ལས་གང་མང་དང་བླངས་ཞབས་ཞུའི་དཔུང་ཁག་ཏུ་ཞུགས་ནས། སེམས་ཤུགས་དང་བརྩེ་བ་རྣལ་མ་བཀོལ་ནས་ཆུ་མཛོད་དང་དྭངས་གཙང་གི་ཆུར་སྲུང་སྐྱོབ་གང་ལེགས་བྱས་པའི་དབང་གིས། ཆུ་མཛོད་ཁུལ་གྱི་ཆུ་སྔར་ལས་དྭངས་གཙང་དང་རི་བོ་སྔར་ལས་སྔོ་ལྗང་། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་བཅས་བྱུང་བ་ཤེས་རྟོགས་བྱུང་བས་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས་བྱུང་ཞེས་གསུངས།

ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་དེ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཆུ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། “ཆུ་གཙང་མ་དུས་ནམ་ཡང་བྱང་ཕྱོགས་སུ་བཞུར་ཐུབ་པར”འགན་ལེན་ནན་མོ་བྱེད་ཆེད། མི་ཚང་མས་འགན་འཁྲི་སྒྲུབ་པ་དང་ཡུན་རིང་བྱས་རྗེས་འཇོག་དགོས། ཁྱོད་ཚོས་དང་བླངས་ཞབས་ཞུའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། མི་སྔར་ལས་མང་པོས་རང་རྟོགས་སྒོས་ཆུ་བརྟན་སྲུང་དང་ཆུ་སྲུང་སྐྱོབ། ཆུ་གྲོན་ཆུང་བཅས་བྱ་རྒྱུར་སྐུལ་ཁྲིད་གང་ལེགས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་རི་ཀླུང་རྟག་ཏུ་གནས་ཐུབ་པ་དང་དྭངས་གཙང་གི་ཆུ་མོ་རྒྱུན་དུ་བཞུར་ཐུབ་པ། མཁའ་དབུགས་དུས་རྟག་ཏུ་གསར་པ་ཡིན་པ་བཅས་ཀྱི་མཛེས་པའི་ཀྲུང་གོ་བསྐྲུན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།