ཟླ8པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ཞི་ཡི་ཙུང་ཐུང་ལུའུ་ལཱ་ཡིས་ཕན་ཚུན་བར་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་པ་ཞི་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། བློ་སེམས་གཅིག་མཐུན་གྱི་གྲོགས་པོ་ཡག་པོ་དང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཀྱིན་པའི་ཟླ་གྲོགས་ཡག་པོ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་སོང་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན། འཛམ་གླིང་ཧྲིལ་པོའི་རང་བཞིན་བཅས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་མངོན་གསལ་ཅན་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ན་ནིང་ཙུང་ཐུང་ལུའུ་ལཱ་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས། ང་ཚོས་དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་འབྱུང་འགྱུར་གསར་པ་བསྐྲུན་རྒྱུར་སྣེ་ཁྲིད་བྱེད་རྒྱུའི་ ཐད་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་པ་ཞི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་འགོ་རྩོམ་ས་གསར་པར་བརྩིས་ཏེ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཟབ་སྤེལ་དུ་བཏང་ནས། ཀྲུང་གོ་དང་པ་ཞི་ཡི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་བསྩལ་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་པ་ཞི་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ལུའུ་ལཱ་ཡིས་དུས་རབས་ཕྱེད་ཀའི་རིང་ལ། པ་ཞི་དང་ཀྲུང་གོའི་མཛའ་མཐུན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མཉམ་ལས་ཉིན་བཞིན་སྣ་མང་ཅན་དུ་འཕེལ་བཞིན་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀས་ཁྱབ་ཁོངས་མང་པོ་དང་རིམ་པ་ཁག་ཏུ་མཉམ་ལས་རྒྱུན་འཁྱོངས་བྱས་ནས། སྔར་ལས་དར་རྒྱས་དང་ཞི་བདེ། དྲང་གཞག་བཅས་ཀྱི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། པ་ཞི་དང་ཀྲུང་གོའི་འབྲེལ་བ་དེ་སྣེ་མང་སྒྲིག་སྲོལ་འཛུགས་པ་དང་སྔར་ལས་དྲང་གཞག་ནུས་ལྡན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཐད་འདོན་བཞིན་པའི་ནུས་པ་མངོན་སུམ་ཇེ་ཆེར་འགྲོ་མུས་ཡོད་ཅིང་། རྒྱལ་ཁབ་གཉིས་དང་འཛམ་གླིང་གི་བརྟན་ལྷིང་དང་སྔོན་དཔག་ཐུབ་པའི་རང་བཞིན་ཐད་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་མ་འོངས་པའི་ལོ50ཡི་ནང་དུ། ང་ཚོས་མཉམ་དུ་དཔུང་པ་མཉམ་གཤིབ་སྒོས་ལམ་བུ་གསར་པ་བཏོད་ནས། ལས་དབངགཅིག་མཐུན་གྱི་འོད་ཟེར་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བསྟན།
ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པ་ཞི་ཡི་ཙུང་ཐུང་གཞོན་པ་ཨ་ཨར་ཁི་མེན་ལ་གློག་འཕྲིན་བཏང་ནས་ཕན་ཚུན་བར་རྟེན་འབྲེལ་ཞུས།
བན་དེ་སྐྱབས་ཀྱིས་བསྒྱུར།