ཟླ8པའི་ཚེས20ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལིས་ཞི། ཧན་ཀྲིན་བཅས་ཀྱི་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།
ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་སྐབས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་དུ། ཁྱོད་ཚོས་རྡོག་རྩ་གཅིག་སྒྲིལ་དང་ཞུམ་པ་མེད་པར་འབད་བརྩོན་བྱས་པ་དང་ངར་ཤུགས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ལ། ལས་འགན་སྟོང་ཟད་དུ་མ་བཏང་བར། རང་རྒྱལ་གྱི་ཕྱི་རྒྱལ་དུ་ཞུགས་པའི་དབྱར་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་གྲུབ་འབྲས་ཡག་ཤོས་བླངས་པ་དང་། འགྲན་སྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་མི་དམན་པ་བླངས་ཏེ། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་ཀྱི་མཚན་སྙན་ཆེན་པོ་བརྩོན་ལེན་བྱས་ཡོད་ཅེས་ནན་གྱིས་གསུངས། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། ཚང་མ་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་ཞུས་པ་དང་། ཚང་མར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ལ། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་བྱམས་བརྩེའི་ངང་ཁམས་འདྲི་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་དང་ཚའེ་ཆི། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་མཇལ་འཕྲད་ལ་ཞུགས།
མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད། ཕྱི་དྲོའི་དུས་ཚོད3དང་སྐར་མ་ཉི་ཤུའི་སྟེང་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་འཐུས་ཚབ་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་དྲན་རྟེན་སྐུ་པར་བསྐྱོན།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་བླངས་པའི་ཕུལ་བྱུང་གྲུབ་འབྲས་ནི། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཀྱང་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་སྒོས་མངོན་ཡོད། རྒྱལ་ཁབ་ཀྱི་ལུས་རྩལ་དར་རྒྱས་བྱུང་བ་ཡིན་ན་གཞི་ནས་ལུས་རྩལ་དར་རྒྱས་ཡོང་བ་དང་། རྒྱལ་ཁབ་སྟོབས་ལྡན་དུ་ཕྱིན་པ་ཡིན་ན་གཞི་ནས་ལུས་རྩལ་སྟོབས་ལྡན་དུ་འགྲོ་ཐུབ། རང་རྒྱལ་འདི་ཉིད་འཛམ་གླིང་གི་ལུས་རྩལ་རྒྱལ་ཁབ་ཆེན་པོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཐུབ་པའི་གཞི་རྩ་ནི། ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལུས་རྩལ་རྩལ་འགྲན་སྦྱོང་བརྡར་ལ་སྔོན་ཐོན་ཚན་རྩལ་གྱི་འདེགས་སྐྱོར་དང་དངོས་པོའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད་ལ། ཁྱབ་ཁོངས་ཁག་གི་ལུས་རྩལ་འཇོན་མི་འབུར་དུ་ཐོན་པར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་དང་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་བསྐྲུན་ཡོད་པའི་དབང་གིས་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་ཡིན་ན། གཞི་ནས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཆ་རྐྱེན་སྔར་ལས་གང་ལེགས་མཁོ་འདོན་བྱེད་ཐུབ་པ་དང་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མུ་མཐུད་འཕེལ་རྒྱས་ཆེན་པོ་བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ལུས་རྩལ་སྟོབས་ལྡན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་བླངས་པའི་ཕུལ་བྱུང་གྲུབ་འབྲས་ཀྱིས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་རྒྱས་གོང་འཕེལ་བཏང་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྔར་ལས་ཆེར་སྐྱེད་གཏོང་ཐུབ་ཅིང་། དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་ལ་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད། “རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དུས་ནམ་ཡང་མི་སྒེར་ལས་བརྒལ་ཡོད་པ”དང“ངའི་གསེར་གྱི་རྟགས་མ་དེ་རླབས་ཆེན་མེས་རྒྱལ་ལ་འབུལ་ངེས་ཡིན”སོགས་ཀྱི་དམ་བཅའ་སྐད་གྲགས་ཅན་གྱིས་མེས་རྒྱལ་གོང་དུ་བཀུར་བ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་དང་། ཞུམ་པ་མེད་པར་འབད་བརྩོན་བྱས་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས། མཐུན་སྒྲིལ་མཉམ་ལས་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་པའི་རྩ་ཆེའི་གཤིས་རྒྱུད་བཅས་མངོན་གང་ཐུབ་བྱས་ཡོད་པར་མ་ཟད། ཀྲུང་གོའི་གཞོན་རབས་པའི་ཡིད་ཆེས་སྤྲོ་སྣང་དང་སྤྲོ་སེམས་འཁོལ་བའི་ཉམས་འགྱུར་ཀྱང་མངོན་ཡོད། ཁྱོད་ཚོས་འཛམ་གླིང་ཡོངས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་གསོག་འཇོག་བྱས་པ་དང་། ཀྲུང་གོའི་སྒོ་འབྱེད་དཀྱེལ་ཡངས་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་དང་། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་ངར་ཤུགས། གཏིང་ཤུགས་བཅས་མཐོང་དུ་བཅུག་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱོད་ཚོའི་ཆེད་དུ་ང་རྒྱལ་སྐྱེས་ཤིང་ཁྱོད་ཚོར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་ཉམས་འགྱུར་གྱི་གསེར་གྱི་རྟགས་མ། གཙང་དག་གི་གསེར་གྱི་རྟགས་མ་བཅས་ཐོབ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལུས་རྩལ་གྱི་ཀུན་སྤྱོད་དར་སྤེལ་ཤུགས་ཆེན་བཏང་བའི་དབང་གིས། རྒྱ་ཁྱབ་ཀྱི་བརྩི་འཇོག་དང་ཁས་ལེན་ཐོབ་ནས་དུས་རབས་གསར་པའི་ཀྲུང་གོའི་སྣང་བརྙན་ལེགས་པར་མངོན་ཡོད། འགྲན་ར་རུ་ཚང་མས་སྒྲིག་སྲོལ་བརྩི་སྲུང་དང་འགྲན་ཡ་ལ་བརྩི་འཇོག ཤན་འབྱེད་པར་བརྩི་འཇོག ལྟད་མོ་པར་བརྩི་འཇོག་བཅས་བྱས་ནས། འགྲན་སྡུར་གྱི་སྒྲིག་ལམ་དང་ཡ་རབས་གུས་ལུགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁ་ཐོབ་རུང་ང་རྒྱལ་མི་སྐྱེས་པ་དང་ཕམ་ཁ་མྱངས་རུང་ཡིད་མི་ཆད་པར། འགྲན་སྡུར་དང་ཀུན་སྤྱོད། ཉམས་འགྱུར་བཅས་ཀྱི་ཐད་ནས་གསེར་གྱི་རྟགས་མ་བླངས་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་ལ་ཡང་བསྐྱར་གྲ་སྒྲིག་བྱེད་པའི་དུས་འཁོར་གསར་པ་དངོས་སུ་མགོ་བརྩམས་ཡོད་པས། ཚང་མས་ང་རྒྱལ་དང་འཚུབ་ཆ་སྤངས་ནས་ཡང་འབད་བསྐྱར་འབད་བྱས་ཏེ། སྦྱོང་བརྡར་དང་འགྲན་སྡུར་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་དགེ་སྤེལ་སྐྱོན་གསབ་བྱེད་པ། འཇོན་མི་གསོ་སྐྱོང་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གཉིས་གཅིག་རམ་གཅིག་འདེགས་ཡིན་པས། ཚང་མས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་ལས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་སྤེལ་རྒྱུར་སྐུལ་ཁྲིད་གང་ལེགས་བྱས་ཏེ། ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཝང་དབྱི་དང་ལིའུ་གོ་ཀྲུང་། ལིས་ཧྲུའུ་ལེ། ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཁྲིན་ཝུའུ་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་ལུས་རྩལ་སྡེ་ཁག་གི་འགན་འཁུར་བློ་མཐུན་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།