ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2024.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་སྐབས། ཕཱ་རི་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་དུ་ཁྱོད་ཚོས་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་བརྩོན་བྱེད་པ། དཔའ་ངར་ཆེན་པོས་ཨང་དང་པོ་བརྩོན་ལེན་བྱེད་པ། རང་འཁྲིའི་ལས་འགན་གཙང་སྒྲུབ་བྱེད་པ་བཅས་ཀྱི་སྒོ་ནས་རང་རྒྱལ་ཕྱི་རྒྱལ་དུ་དབྱར་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བླངས་པ་དང་། འགྲན་སྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཆེན་པོ་ཐོབ་ནས། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་ཀྱི་མཚན་སྙན་ཆེན་པོ་བརྩོན་ལེན་བྱས་ཡོད་ཅེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། ཚང་མ་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་ཞུས་པ་དང་ཚང་མར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས། མཇལ་འཕྲད་ལ་ཞུགས་པའི་རྒྱལ་ཡོངས་ལུས་རྩལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོ་དང་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི། རྒྱ་ཆེའི་ལུས་རྩལ་འཐབ་ཕྱོགས་ཀྱི་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ང་རྒྱལ་དང་འཚབ་འཚུབ་མི་བྱེད་པར་ཡང་འབད་བསྐྱར་འབད་བྱས་ཏེ། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུའི་བསམ་པ་བསྟན།

ཚེས20ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕཱ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་མཁན་གྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་ནས། ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་གླེང་མོལ་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་བླངས་པའི་ཕུལ་བྱུང་གྲུབ་འབྲས་ནི། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱི་བསྡུས་གཟུགས་ཤིག་ཀྱང་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་གང་ལེགས་སྒོས་མངོན་ཐུབ་ཡོད་ཅེས་བསྟན།

ལུས་རྩལ་སུན་དབྱིན་ཧྲ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན་དུ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དངམི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་ན། རང་རྒྱལ་གྱི་ལས་རྩལ་ལས་དོན་གྱི་གོང་འཕེལ་ལ་མཐུན་རྐྱེན་སྔར་ལས་བཟང་པོ་བསྐྲུན་ཐུབ་པ་དང་སྒུལ་ཤུགས་ཆེན་པོ་སྣོན་ཐུབ། མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ནི་ལུས་རྩལ་པ་ཚོས་ཞུམ་མེད་ཀྱིས་འཚོལ་སྙེག་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཟེར། 

ལུས་རྩལ་པ་མཱ་ལུང་གིས་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱིས་ཚད་གཞི་འདི་འདྲའི་མཐོན་པོས་ང་ཚོ་ཕྱིར་ལོག་པར་དགའ་བསུ་ཞུས་པ་འདི་ནི་ལུས་རྩལ་པ་རེ་རེར་མཚོན་ན་སྐུལ་མ་ཆེད་པོ་ཞིག་རེད། ངའི་བྱ་བ་དང་ཐོབ་ཐང་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ངས་མུ་མཐུད་དུ་ཀྲུང་གོའི་ལུས་རྩལ་ལས་དོན་གྱི་གོང་འཕེལ་ཆེད་དུ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་བླངས་པའི་ཕུལ་བྱུང་གྲུབ་འབྲས་ལས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་རྒྱས་གོང་འཕེལ་བཏང་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཕན་ཚུན་འོད་སྟོང་འཕྲོ་རེས་ཐུབ་པར་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་སྙིང་སྟོབས་ལ་གསོན་ཉམས་ལྡན་པའི་ངང་ནས་འགྲེལ་བཤད་གང་ལེགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ཨོ་རྩལ་འགྲན་ཚོགས་གསར་པའི་གྲ་སྒྲིག་དུས་འཁོར་གྱི་ལས་འགན་ལ་བཀོད་སྒྲིག་གང་ལེགས་གནང་བ་རེད། ལུས་ྲརྩལ་པ་རྣམས་ཀྱིས་མེས་རྒྱལ་བླ་ན་མེད་པ་དང་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་པའི་འགན་འཁྲིའི་འདུ་ཤེས་ཀྱིས་གཞི་ནས་ང་ཚོར་འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་སྟོབས་ཤུགས་བསྩལ་བ་རེད་ཟེར། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་དང་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་སུ་བཅུག་སྟེ། མཐུན་སྒྲིལ་རོགས་རེས་དང་དཔའ་ངར་ཞུམ་མེད། འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། ཀྲུང་གོའི་ན་གཞོན་མི་རབས་ཀྱི་རང་རློམ་སྤྲོ་སྣང་དང་སྤྲོ་སེམས་འཁོལ་བའི་མཛའ་མཐུན་གྱི་ཉམས་འགྱུར། ཀྲུང་གོའི་སྒོ་འབྱེད་དཀྱེལ་ཡངས་དང་ཡར་རྒྱས་བརྩོན་ལེན་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ་གཉིས་གཅིག་རམ་གཅིག་འདེགས་ཡིན་པས། བློ་མཐུན་ཚོས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་སུམ་གྱིས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་དང་ན་གཞོན་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། ལུས་རྩལ་ཀྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་། རྒྱ་ཆེའི་ལུས་རྩལ་འཐབ་ཕྱོགས་ཀྱི་ལས་བྱེད་པས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། མི་དམངས་ལྟེ་བར་བྱས་ཏེ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་དུ། ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན།

ལུས་རྩལ་པ་ཀྲིན་ཆིན་ཝུན་གྱིས་བཤད་རྒྱུར། གྲུབ་འབྲས་ནི་འདས་སོང་དུ་གྱུར་ཡོད་ལ། མདུན་ཕྱོགས་སུ་ད་དུང་འགྲན་རྩོད་དང་ཕུགས་བསམ་སྔར་ལས་མང་པོས་ང་ལ་སྒུག་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་སེམས་ལ་དམ་པོར་བཟུང་ནས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་གྱིས་མེས་རྒྱལ་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། 

ལུས་རྩལ་པ་ཐན་ཡུས་ཅའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་སྤུས་ཚད་མཐོན་པོས་འགྲན་སྡུར་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་གསུངས་པ་དེ་ང་ཚོ་ལུས་རྩལ་པ་ཡོངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ངས་འགྲན་སྡུར་སྔོན་གྱི་དུས་སྐབས་བཟང་པོ་དམ་འཛིན་ལྷོད་མེད་ཀྱིས་གཟབ་ནན་སྒོས་འགྲན་སྡུར་ལ་གྲ་སྒྲིག་བྱས་ཏེ། མུ་མཐུད་དུ་ཀྲུང་གོའི་ལུས་རྩལ་ལ་གཟི་མདངས་གསར་པ་སྣོན་རྒྱུ་ཡིན་ཟེར། 

བན་དེ་སྐྱབས་ཀྱིས་བསྒྱུར།