ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བློ་མཐུན་ཏིན་ཞའོ་ཕིང་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་པའི་སྙན་གྲགས་བླ་ན་མཐོ་བའི་འགོ་ཁྲིད་པ་དང་རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་རབས་གཉིས་པའི་སྲོག་ཤིང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་གསར་གཏོད་པ་བཅས་ཡིན། ཁོང་གིས་ཏང་དང་མི་དམངས། རྒྱལ་ཁབ། མི་རིགས། འཛམ་གླིང་བཅས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་མྱོང་བ་དང་། ཁོང་གི་མཛད་རྗེས་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཡོད་ཅིང་། ཁོང་གི་མཛད་རྗེས་ཀྱིས་མི་རབས་རྗེས་མར་དུས་ནམ་ཡང་སྐུལ་ལྕག་ཆེན་པོ་ཐེབས་མུས་ཡིན་ཞེས་ནན་གྱིས་གསུངས།

ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས། ཞི་ཅིན་ཕིང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། བློ་མཐུན་ཏིན་ཞའོ་ཕིང་གི་མི་ཚེ་གང་བོ་ནི་འོད་སྟོང་རབ་ཏུ་འཕྲོ་བའི་མི་ཚེ་ཞིག་དང་འཐབ་འཛིང་གི་མི་ཚེ་ཞིག རླབས་ཆེན་གྱི་མི་ཚེ་ཞིག་བཅས་ཡིན། ཁོང་གིས་ཏང་གིས་འགོ་ཁྲིད་གནང་བའི་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་དང་། ཀྲུང་གོ་གསར་པ་འཛུགས་པའི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆེད་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མྱོང་། “རིག་གནས་གསར་བརྗེ་ཆེན་པོ”མཇུག་བསྒྲིལ་རྗེས། ཁོང་གིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་ཁག་རབས་གཉིས་པའི་སྲོག་ཤིང་ཡིན་པའི་ངོས་ནས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ། ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་ཆེན་མངོན་འགྱུར་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་པར་མ་ཟད། མེས་རྒྱལ་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བའི་ཐབས་ལམ་ཡང་དག་པ་གཏན་འཁེལ་བྱས་པ་དང་། འོད་སྟོང་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁའི་ངང་གསར་གཏོད་བྱས་པ་རེད་ཅེས་བསྟན།

ཞི་ཅིན་ཕིང་གིས་བློ་མཐུན་ཏིན་ཞའོ་ཕིང་གི་ལོ་རྒྱུས་མཛད་རྗེས་ནི་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་གཏིང་ཟབ་ཅིང་ཡུན་རིང་། ཁོང་གི་མི་ཚེ་གང་བོའི་འབད་འཐབ་ལོ་རྒྱུས་ལས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ་ཡོད་པའི་བླ་མེད་གཤིས་རྒྱུད་དང་། མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པའི་རླབས་ཆེན་གྱི་བརྩེ་སེམས། དུས་རྣམ་ཀུན་ཏུ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པའི་གཞུང་ལུགས་ཀྱི་སྤུས་ཚད། རྒྱུན་ཆད་མེད་པར་གསར་སྤེལ་གསར་གཏོད་བྱེད་པའི་ཆབ་སྲིད་ཀྱི་སྙིང་སྟོབས། མཐོང་རྒྱ་ཆེ་བའི་འཐབ་ཇུས་ཀྱི་བསམ་གཞིགས། སྒེར་སེམས་སྤུ་ཙམ་ཡང་མེད་པའི་བློ་ཁོག་ཆེན་པོ་བཅས་ལེགས་པར་མངོན་ཡོད། ཁོང་གི་རླབས་ཆེན་གྱི་ལོ་རྒྱུས་མཛད་རྗེས་ང་ཚོས་དུས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས་ལ། ཁོང་གི་བླ་མེད་ཀྱི་གསར་བརྗེའི་སྤྱོད་བཟང་ལ་ང་ཚོས་དུས་ནམ་ཡང་དད་གུས་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།

ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས། ཞི་ཅིན་ཕིང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

ཞི་ཅིན་ཕིང་གིས་བློ་མཐུན་ཏིན་ཞའོ་ཕིང་གིས་ང་ཚོར་བཞག་པའི་བསམ་བློའི་རྒྱུ་ནོར་ཆེས་གལ་ཆེ་ཤོས་ནི། ཁོང་གིས་དངོས་སུ་གསར་གཏོད་གནང་བའི་ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཡིན། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར། ང་ཚོས་ངེས་པར་དུ་ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ། དེའི་ཚན་རིག་གི་ནང་དོན་དང་སྲོག་ཤིང་གི་དོན་སྙིང་ལ་ཆ་ཚང་ཞིང་གོ་བ་ཡང་དག་བླངས་ནས། བློ་མཐུན་ཏིན་ཞའོ་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱས་ཏེ་བཏོན་པའི་སྡོམ་ཚིག་གལ་ཆེན་དང་གཞི་རྩའི་ལྟ་བ། འདོད་ཚུལ་ཡང་དག་བཅས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་པའི་གནས་ཚུལ་གཞིར་བཟུང་སྟེ། རིགས་པའི་གཞུང་ལུགས་ཀྱི་གཞུང་ལུགས་ཀྱི་སྙིང་བོ་དང་ངོ་བོར་རྒྱུས་ལོན་ཡང་དག་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་བཀོལ་མཁས་པར་བྱས་ནས། བདེན་དོན་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་བྱེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་ཁ་ཕྱོགས་མི་ནོར་བར་བྱེད་དགོས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། མར་ཁེ་སི་རིང་ལུགས་ཞེས་པའི་བླ་སྲོག་འདི་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཞེས་པའི་རྩ་བ་འདི་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཤིང་། མིའི་རིགས་སྤྱི་ཚོགས་ཀྱི་ཕུལ་བྱུང་ཤེས་རིག་གི་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱེད་མཁས་པར་བྱས་ནས། མུ་མཐུད་དུ་བདེན་དོན་འཚོལ་ཞིབ་བྱེད་དགོས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནད་དོན་དངོས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་ཡང་དག་བཏབ་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བར་མུ་མཐུད་སྐུལ་འདེད་བཏང་སྟེ། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ལ་བདེན་དོན་གྱི་འོད་ཟེར་སྔར་ལས་ལམ་ལམ་འཕྲོ་བར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བློ་མཐུན་ཏིན་ཞའོ་ཕིང་ལ་རྗེས་དྲན་བྱེད་སྟངས་ཆེས་ཡག་ཤོས་ནི། ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་མུ་མཐུད་གོང་དུ་སྤེལ་རྒྱུ་དེ་ཡིན། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ཏེ། སྔ་འཛིན་ཕྱི་གཏོད་དང་འབད་བརྩོན་ཡར་བརྩོན་བྱེད་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་སྣོན་པ་དང་ལམ་ལུགས་ཀྱི་འགན་སྲུང་ཟམ་མི་ཆད་པར་འདོན་སྤྲོད་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་ཆེན་པོ་གཏོང་བ་བཅས་བྱས་ནས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡག་པོ་ཡོང་བར་བྱེད་རྒྱུ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་གྲུབ་པར་འབད་དགོས། མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྔར་ལས་མངོན་གསལ་ཡོང་བར་འབད་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཁྲེགས་གཏོར་གྱི་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ཏེ། ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བར་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགོ་ཁྲིད་སྲོག་ཤིང་སྔར་ལས་བརྟན་པོ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མེས་རྒྱལ་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིང་སོགས་གསར་བརྗེ་པ་རྒན་རབས་ཚོའི་ཕུགས་འདུན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་བསམ་འདུན་ཡིན་པ་དང་། ལོ་རྒྱུས་ཀྱི་རླབས་རྒྱུན་ལྡོག་མེད་ཅིག་ཀྱང་ཡིན། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ”དང“ཨོ་མིན་པས་ཨོ་མིན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་དུ་ཡང་དག་པ་དང་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞང་ཀང་དང་ཨོ་མིན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་དུ་གཏིང་འདྲེས་ཡོང་བར་བྱེད་པ་དང་། འཕེལ་རྒྱས་སྔར་ལས་གང་ལེགས་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་སྐུལ་འདེད་གཏོང་དགོས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས“ཐའེ་ཝན་རང་བཙན”ལ་ངོ་རྒོལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཞུགས་མོལ་ཚོགས་འདུ་བསྡུས། ཞི་ཅིན་ཕིང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཉམས་མེད་ཀྱི་སྟོབས་ཤུགས་ཤིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་རིན་ཐང་དར་སྤེལ་གང་ལེགས་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གི་གྲོས་འགོ་བཅས་དོན་འཁྱོལ་བྱས་ནས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུ། བློ་མཐུན་ཏིན་ཞའོ་ཕིང་གི་འོད་སྟོང་འབར་ཞིང་འཐབ་རྩོད་ལ་འབད་པ། རླབས་ཆེ་བ་བཅས་ཀྱི་མི་ཚེ་ཧྲིལ་པོར་བརྩེ་བ་ཟབ་མོས་ཕྱིར་མིག་བལྟས་ཏེ། བློ་མཐུན་ཏིན་ཞའོ་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་རྒྱལ་ཁའི་ངང་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་མཛད་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་བཅས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་ལ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། བློ་མཐུན་ཏིན་ཞའོ་ཕིང་གི་བླ་མེད་ཀྱི་གསར་བརྗེའི་སྤྱོད་བཟང་ལ་སློབ་སྦྱོང་བྱས་ཏེ། ཁོང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་མུ་མཐུད་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བསམ་བཀོད་ཆེ་ཞིང་ཉིང་བསྡུས་གཏིང་ཟབ་ཡིན་པར་མ་ཟད། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ང་ཚོས་དེ་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རིན་མེའོ་ཧྭ། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧོས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་ཏིན་ཞའོ་ཕིང་གི་གཉེན་ཉེ་དང་དེ་སྔའི་ཉེ་འགྲམ་གྱི་ལས་བྱེད་མི་སྣ། ཕ་ཡུལ་གྱི་འཐུས་མི། “རྒྱལ་ཡོངས་ཀྱི་བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་120འཁོར་བར་རྗེས་དྲན་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུར”ཞུགས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།