ཁ་གཏད་རོགས་སྐྱོར་གྱི་འགྲོས་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས།
2024.08.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་སྔོན་ལ་ཕྱུག་པོར་གྱུར་པ་དག་གིས་རྗེས་མ་རྣམས་ཕྱུག་པོར་འགྱུར་བར་རོགས་རམ་བྱས་ཏེ། མཐར་ཐུག་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་བསྡུས་ཀྱི་མཚོན་བྱེད་ཡིན། ད་ལོ་ནི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག་ཏུ། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ལས་ཁུངས་བཅས་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ནས། བོད་སྐྱོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། གངས་ལྗོངས་ས་མཐོའི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། 1998ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པ་བོད་དུ་མངགས་ནས། བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ཕྱིར་བསུས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་ལ་ཇུས་འགོད་གང་ལེགས་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུར་ཐེངས་གཉིས་ཞུགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་གནང་བར་མ་ཟད། བོད་སྐྱོར་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན། ཁོང་གིས་ཀྲུང་དབྱང་གིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཡོངས་ཀྱིས་བོད་ལྗོངས་ལ་རྒྱབ་སྐྱོར་བྱེད་པ་ནི། ཏང་ཀྲུང་དབྱང་གི་སྲིད་ཇུས་འགྱུར་བ་མེད་པ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་གསུངས།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ཏུ། ཕྱོགས་གང་ཅིའི་ཐད་ཀྱི་བོད་སྐྱོར་སྟོབས་ཤུགས་ཀྱིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་དང་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་འབད་འཐབ་ཀྱི་ལོ་རྒྱུས་བརྩམས་ཡོད། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་འཇོན་མི་སྐོར་ཁག10དང་མི་ཁྲི་གཅིག་དང་སྟོང་གཉིས་ལྷག་འདེམས་མངགས་བྱས་ནས་གངས་ལྗོངས་ས་མཐོ་རུ་འབད་འཐབ་བྱེད་ཀྱིན་ཡོད།

ཁ་གཏད་བོད་སྐྱོར་བྱས་པ་ནས་བཟུང་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཉིན་བཞིན་འཐུས་ཚང་ཡོང་བར་རོགས་རམ་བྱས་ཡོད། བོད་ལྗོངས་སུ་མཚོ་བོད་དང་ཁྲོན་བོད། དབུས་ཁུལ། མངའ་རིས་བཅས་དྲ་སྦྲེལ་བྱེད་པའི“གློག་ཤུགས་མཁའ་ལམ”བཞི་བསྐྲུན་ནས། གློག་དྲ་གཙོ་བོ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཡོད། མིག་སྔར་བོད་དུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ཤོང་ཚད་ཁྲོད་ནུས་ཁུངས་གཙང་མའི་བསྡུར་ཚད95%ལས་བརྒལ་ནས། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ཁ་གཏད་བོད་སྐྱོར་གྱིས་དགེ་མཚན་ཆེ་བའི་ཐོན་ལས་སྔར་ལས་སྟོབས་ལྡན་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17གྱིས་ཐོན་ལས་བོད་སྐྱོར་ལས་གཞི229བཀོད་སྒྲིག་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བཞི་ས་ཡ་དྲུག་བཀོད་སྒྲིག་བྱས་ཡོད།

ཁ་གཏད་བོད་སྐྱོར་བྱས་ནས་དམངས་འཚོ་དང་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། བོད་སྐྱོར་མ་དངུལ་དང་ལས་གཞི་ཡི80%ཡན་དམངས་འཚོ་དང་གཞི་རིམ། རོང་འབྲོག་ཁུལ་བཅས་ལ་ཁ་ཕྱོགས་ཡོད་ཅིང་། མཐོ་སྒང་གི་སྐྱེ་ཁམས་ལྕགས་རི་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། སྨན་བཅོས་འཇོན་མི་དང་སློབ་གསོའི་འཇོན་མིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཐབས་ཀྱིས་མི་རིགས་སོ་སོའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད་ལ། ནད་གཞི་ཆེན་པོའི་རིགས400ལྷག་ལ་བོད་ལྗོངས་རང་ས་ནས་སྨན་བཅོས་བྱེད་ཐུབ་པར་བྱས་ཤིང་། རྒྱུན་མཐོང་གི་ནད་གཞི་ཆུང་གྲས་རྫོང་རིམ་པའི་སྨན་ཁང་དུ་སྨན་བཅོས་བྱེད་ཐུབ་པར་བྱས་ཡོད།

2024ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། བོད་ལྗོངས་ཀྱི་དཔལ་འབྱོར་ལོ་རེའི་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་འཕར་ཚད་ལོ་དུ་མའི་རིང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མ་འོངས་པར་ཁ་ཕྱོགས་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་ཞིང་མཐའ་མཚམས་དར་ལ། མི་དམངས་ཕྱུག་པ་བཅས་ཀྱི་འགུལ་སྐྱོད་དཔེ་སྟོན་ཁུལ་བཅས་འབད་པས་སྐྲུན་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།