ཟླ8པའི་ཚེས27ཉིན། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པ་ལྷ་ས་གྲོང་ཁྱེར་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཝང་ཧུའུ་ཉིང་གིས་ཞི་ཅི་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྒྱུན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བརྟན་པོ་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས། དུས་རབས་གསར་པའི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས་ཞེས་བསྟན།
ཝང་ཧུའུ་ཉིང་གིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ30འཁོར་བའི་རིང་ལ། གྲུབ་འབྲས་ཆེན་པོ་ཐོབ་པ་དང་ཉམས་མྱོང་རྩ་ཆེན་བསགས་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་དོན་ལྡན་སྤྱད་དེ། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་ནུས་ལྡན་བཏང་ནས། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་གྲུབ་པར་བྱས་ཡོད་ཅེས་བསྟན།
ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་སྤེལ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ ཁོང་དུ་ཆུད་པར་བྱེད་པ། བོད་ལྗོངས་མཐའ་མཚམས་ས་ཁུལ་ཞེས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མཐའ་མཚམས་དར་རྒྱས་དང་དམངས་ཕྱུག་སོགས་ཀྱི་ལས་དོན་ཟབ་སྤེལ་དང་ཏན་ཏིག་ཡོང་བར་རྩེ་གཅིག་ཏུ་འབད་དགོས། ལས་བྱེད་པ་དང་འཇོན་མིའི་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་ནས། བོད་སྐྱོར་ལས་བྱེད་པ་དང་འཇོན་མིས་དངོས་སྒྲུབ་ཀྱི་སྒོ་ནས་འགན་འཁུར་རྒྱུར་སྐུལ་འདེད་གཏོང་དགོས། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས་ཞེས་བསྟན།
ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས། ཧྥུའུ་ཅན་ཞིང་ཆེན། ཀྲུང་གོ་དབྱི་ཏུང་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་འཁུར་བློ་མཐུན་དང་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད།
ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། ཝང་ཧུའུ་ཉིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་བོད་སྐྱོར་སྔོན་ཐོན་མི་སྒེར་གྱི་འཐུས་མི་དང་བོད་སྐྱོར་ལས་བྱེད་པའི་འཐུས་མིར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་བོད་ལྗོངས་སུ་སྡོད་པའི་རིང་ལ། ལྷ་ས་དང་ལྷོ་ཁ་རུ་སོང་ནས་བོད་སྐྱོར་ལས་དོན་སོགས་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། ལྷ་ས་དང་ལྷོ་ཁ་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་མཛད།
བན་དེ་སྐྱབས་ཀྱིས་བསྒྱུར།