ཟླ9ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མ་ཏ་ཅ་སི་ཅ་ཡི་ཙུང་ཐུང་ལཱ་ཆའོ་ལིས་ནཱ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་མ་ཏ་ཅ་སི་ཅ་ཡི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ཏ་ཅ་སི་ཅ་བར་དུ་རྒྱང་ཐག་རིང་ཡང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ལྡན། འབྲེལ་བ་བཙུགས་ནས་ལོ52རིང་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་མཐུན་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ལ། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐོབ་སྣང་ཉིན་རེ་བཞིན་ཇེ་ཆེར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ཏ་ཅ་སི་ཅ་ཡིས་རང་བཙན་རང་བདག་གིས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། མ་ཏ་ཅ་སི་ཅ་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱུད་འདྲེས་ཆུ་འབྲས་ལག་རྩལ་རོགས་སྐྱོར་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། གཏེར་ལས་དང་། ནུས་ཁུངས་གསར་པ། འཁོར་སྐྱོད་དཔལ་འབྱོར། གནོད་འགོག་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལུའུ་པན་བཟོ་ཁང་དང་ཁུང་ཙི་སློབ་གླིང་མ་ཏ་ཅ་སི་ཅ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། མ་ཏ་ཅ་སི་ཅ་ཡིས་དེང་རབས་ཅན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པར་རམ་འདེགས་བྱེད་རྒྱུ་ཡིན་ཞིང་། ན་གཞོན་དང་། རིག་གནས། ས་གནས་སོགས་མི་ཆོས་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་འདོད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། མ་ཏ་ཅ་སི་ཅ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐོག་མའི་གྲོས་གཞི་བཏོན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། གླེང་སྟེགས་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ཏ་ཅ་སི་ཅ་ཕྱོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་མ་ཏ་ཅ་སི་ཅ་དང་། ཀྲུང་གོ་དང་ཨ་ཧྥེ་རུ་ཁའི་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད།
ལཱ་ཆའོ་ལིས་ནཱ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བདེ་བླག་ངང་གཙོ་སྒྲུབ་བྱས་པར་རྟེན་འབྲེལ་ཞུ་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཨ་ཧྥེ་རི་ཁའི་རྒྱལ་ཁབ50ལྷག་པེ་ཅིང་དུ་འཛོམས་ནས་འཕེལ་རྒྱས་ཀྱི་འགྲོ་ལམ་དང་མ་འོངས་པའི་འབྲེལ་བར་མཉམ་དུ་གྲོས་སྡུར་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ”ཡིས་ཨ་ཧྥེ་རི་ཁའི་རྣམ་པར་འགྱུར་ལྡོག་བཏང་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུས་ཡོང་བར་གདོན་མི་ཟ། ཀྲུང་གོའི་རོགས་རམ་འོག་མ་ཏ་ཅ་སི་ཅ་རུ་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་རིམ་སྤོར་བྱུང་ནས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ཡོད། མ་ཏ་ཅ་སི་ཅ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་མཉམ་ལས་གྲོགས་པོར་འགྱུར་བར་གཞོལ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་དོན་འཁྱོལ་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ཞིང་། ཀྲུང་གོའི་ལེགས་འགྲུབ་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོར་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་དང་དེ་མིན་མ་ཏ་ཅ་སི་ཅ་མི་དམངས་ཀྱིས་ཞིང་ལས་དེང་རབས་ཅན་དང་བཟོ་ལས་ཅན་དུ་འགྱུར་བའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། མ་ཏ་ཅ་སི་ཅ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཨ་ཧྥེ་རུ་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་དཔེ་མཚོན་དུ་འགྱུར་བར་བྱེད་པའི་རེ་བ་བཅངས་ཡོད།
རྩེ་ཚོགས་ཀྱི་སྐབས་སུ། ཀྲུང་གོ་དང་མ་ཏ་ཅ་སི་ཅ་ཕྱོགས་གཉིས་ཀྱིས་ཆུའི་ཐོན་རྫས་ཕྱིར་གཏོང་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།