ཞི་ཅིན་ཕིང་གིས་ཧའེ་ནན་དང་ཀོང་ཏུང་སོགས་ས་ཁུལ་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2024.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ད་ལོའི་མཚོ་རླུང་དྲག་པོ་བཅུ་གཅིག་པ“མོ་ཅའེ”ཞེས་པ་ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ཉི་ཤུ་དང་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་སྔ་རྗེས་སུ། ཧའེ་ནན་ཝུན་ཁྲང་གྲོང་ཁྱེར་དང་ཀོང་ཏུང་ཞུས་ཝུན་རྫོང་དུ་གཡུགས་པ་དེས་གནོད་འཚེ་ཚབས་ཆེན་བཟོས་ཏེ། ཁྱིམ་ཚང་མང་པོ་ཞིག་གི་གློག་བཅད་པ་དང་འཕྲིན་གཏོང་བརྒྱུད་ལམ་བཅད་པར་མ་ཟད། ཁང་པ་ཁ་ཤས་ལ་གཏོར་བརླགས་ཀྱང་བཟོས་ཡོད། ཚེས7ཉིན་གྱི་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་བར་དུ། མཚོ་རླུང་དྲག་པོ་གཡུགས་པ་ལས་ཧའེ་ནན་དང་ཀོང་ཏུང་། ཀོང་ཞི་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་མི་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཉིས་སྟོང་བདུན་ལ་ཚད་གཞི་མི་འདྲ་བའི་སྒོ་ནས་གནོད་པ་བཟོས་ཡོད་ཅིང་། མི3རྐྱེན་ལམ་དུ་ཤོར་བ་དང་མི95ལ་རྨས་ཕོག་ཡོད།

གནོད་འཚེ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་ནས། དེ་འབྲེལ་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་རྒྱ་མཚོའི་རླུང་འཚུབ་ཆེན་མོ“མོ་ཅའེ”ཡི་ཤུགས་རྐྱེན་ཐེབས་པའི་འོག་ཏུ། ཧའེ་ནན་དང་ཀོང་ཏུང་སོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཏེ། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད། དུས་ཚོད་དམ་འཛིན་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་དང་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གནོད་སེལ་བྱེད་པ། གནོད་ཐེབས་མང་ཚོགས་གནས་སྤོར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་སྔ་མོ་ནས་སྔོན་འགོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་སྣ་ཤི་རྨས་ཡོང་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གཏོར་སྐྱོན་བཟོས་པའི་འགྲིམ་འགྲུལ་དང་གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་གང་མགྱོགས་ཀྱིས་སླར་གསོ་བྱེད་རྒྱུ་དང་། གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་འབད་པས་སྤེལ་བ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་ཀྱིས་སླར་གསོ་ཡོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྱང་རྒྱ་མཚོའི་རླུང་འཚུབ་ཀྱིས་བཟོས་པའི་དོན་རྐྱེན་དེའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་ས་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། རྒྱ་མཚོའི་རླུང་འཚུབ་ཀྱི་འཕེལ་ཕྱོགས་ལ་ལྟ་ཞིབ་ནན་མོ་བྱེད་པ། འགོག་སྲུང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཐོན་སྲིད་པའི་ཞོར་ཐོན་གནོད་འཚེ་ཆེན་པོ་སྔོན་འགོག་ནན་མོ་བྱེད་པ། གནས་སྤོར་ཉེན་གཡོལ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་གནོད་སེལ་རོགས་སྐྱོབ་ལས་དོན་ཁག་འོས་འཚམ་ངང་ཡག་པོར་སྒྲུབ་པ་བཅས་བྱས་ཏེ། ཚད་མཐོ་ཤོས་ཀྱི་སྒོ་ནས་གནོད་འཚེ་ཡི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས།

ཞི་ཅི་ཕིང་གི་མཛུབ་སྟོན་དང་ལིས་ཆང་གི་བླང་བྱ་ལྟར་དུ། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ལས་དོན་ཚན་ཆུང་ཧའེ་ནན་དང་ཀོང་ཏུང་གི་འཐབ་ཕྱོགས་དང་པོར་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་སྟོན་བྱེད་པར་མངགས་པ་དང་། ཧའེ་ནན་ཞིང་ཆེན་དང་ཀོང་ཏུང་ཞིང་ཆེན་གྱིས་སྟོབས་ཤུགས་ཅི་ཡོད་རྩ་འཛུགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སེལ་བྱས་ནས། གཏོར་སྐྱོན་བཟོས་པའི་གློག་ཤུགས་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་མྱུར་བཟོ་དང་སླར་གསོ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། མིག་སྔར་ཁྱིམ་ཚང་སོ་སོའི་གློག་ཤུགས་དང་འཕྲིན་གཏོང་སླར་གསོ་བྱས་ཡོད་ཅིང་། ལས་རིམ་ཁག་སོ་སོ་སྤེལ་བཞིན་པའི་སྒང་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།