ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱིས་རྒྱལ་སྟོན་དུས་ཆེན་སྤེལ་ཏེ་ལོ76འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱིས་རྒྱལ་སྟོན་དུས་ཆེན་སྤེལ་ཏེ་ལོ76འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ལོ76རིང་ལ། ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཏུ། ཁྲའོ་ཞན་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས། རྒྱལ་ཁབ་ཀྱི་བྱ་གཞག་སོ་སོ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་གཏོང་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ། སྔ་ཕྱིར་ཁྲའོ་ཞན་གྱི་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་དང་དེ་བཞིན་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་འགན་བཞེས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་ཏུ། ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་རྣམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བཞུད་ལམ་སྟེང་དུ། རྒྱལ་ཁ་གསར་པ་སྔར་བས་ཆེན་པོ་ལེན་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་དབང་གིས། རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་། “ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའང”ཡིན།  དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་བསྡད་དེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་མུ་མཐུད་ལྟ་སྟངས་ཡང་དག་བཟུང་ནས། ཁྲའོ་ཞན་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་མཉམ་དུ་སྲུང་སྐྱོབ་ཡག་པོ་དང་སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་རྒྱུ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།