ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་།
2024.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། སྲུང་སྐྱོབ་གཙོ་གནད་དུ་འཛིན་པ་དང་བཅོས་སྐྱོང་ལ་གཙིགས་ཆེན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུའི་ཚད་འཇལ་རྒྱུ་ལག་བསྟར་དང་ཆུ་གྲོན་ཆུང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་དང་། ལྗང་མདོག་ཚུལ་སྒྱུར་ལ་འཕེལ་རྒྱས་གསར་པ་ཡོང་བར་བྱེད་པ །སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པར་བྱེད་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་གསར་པ་འབྱུང་བ་བཅས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲའོ་དབྱི་ཏི། ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོའུ་དབྱང་ཧྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་དེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ཐད་ནས་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ་ནས། དེ་འབྲེལ་གྱི་བསམ་འཆར་དང་གྲོས་འགོ་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་སུ་བཏོན་པའི་ཚུན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་ཆུའི་བདེ་འཇགས་ལ་འགན་ལེན་བྱས་པའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ཅིང་། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པ་ལས་གཞན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་བྱུང་ཡོད་པར་མ་ཟད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགོ་འཛུགས་ས་སྔར་ལས་མཐོ་བའི་སྟེང་སླེབས་ཡོད།  དུས་མཚུངས་སུ་ད་དུང་དཀའ་གནད་མི་ཉུང་བ་ཞིག་སྔར་བཞིན་ཐག་གཅོད་བྱེད་དགོས་པའང་ཤེས་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་མོ་དང་མཐུན་སྦྱོར་ཆེན་མོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་དགོས། རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་ལས་འབུར་ཐོན་ཡོང་བར་བྱས་ཏེ། སྟོད་རྒྱུད་དང་སྨད་རྒྱུད་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། སྐྱེ་ཁམས་མ་ལག་གལ་ཆེན་ལ་སྲུང་སྐྱོབ་དང་སླར་གསོའི་བཟོ་བཀོད་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་དགོས།  “བྱང་གསུམ་”བཟོ་བཀོད་ཀྱི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཡོངས་ཀྱི་ཕན་འབྲས་མངོན་སུམ་གྱིས་ཆེ་རུ་གཏོང་དགོས། རྡོ་སོལ་སྔོག་འདོན་བྱེད་སའི་རྡིབ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ཁུངས་རྣམ་པའི་ས་ཁུལ་ཚུལ་སྒྱུར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་གང་ལེགས་བྱ་དགོས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་རྒྱུན་མཐུད་ངང་ཟབ་སྤེལ་ཡག་པོ་བྱེད་པ་དང་། ཆུ་ལག་གལ་ཆེན་དང་མཚེའུ་དང་ཆུ་མཛོད་གཙོ་བོའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བོའི་འགྲམ་རྒྱུད་དང་མཚེའུའི་འགྲམ་རྒྱུད་ས་ཁུལ་གྱི་ཁོར་ཡུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་པོ་བཅས་བྱེད་དགོས། རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་གལ་ཆེན་གྱི་ཕྱིར་འབུད་ཆེས་ཉུང་གཏོང་གི་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ། རྡོ་སོལ་གཙང་ཞིང་ལས་ཆོད་ཆེ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། “ཁ་ཐོར་དང་ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས། ཉེན་ཁའི་འབྱུང་ཁུངས་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་དངུལ་རྩ། དངུལ་གཏོང་། རིན་གོང་གི་སྲིད་ཇུས་དང་ཚད་གཞིའི་མ་ལག་བཅས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། འབབ་རྒྱུད་ཡོངས་དང་ཚོང་ར་ཅན། སྣ་མང་ཅན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་དངོས་སུ་འཛུགས་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལམ་ལུགས་ཆེས་ནན་མོ་ལག་བསྟར་བྱས་ནས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་ཐིག་དམའ་ཤོས་དམ་སྲུང་བྱེད་རྒྱུ་དང་། ཆུ་ལ་གཞིགས་ནས་གྲོང་ཁྱེར་གཏན་འཁེལ་དང་ཆུ་ལ་གཞིགས་ནས་ས་གཏན་འཁེལ། ཆུ་ལ་གཞིགས་ནས་མི་གཏན་འཁེལ། ཆུ་ལ་གཞིགས་ནས་ཐོན་སྐྱེད་གཏན་འཁེལ་བཅས་ཀྱི་བྱེད་ཐབས་སྔར་ལས་ཇེ་ཞིབ་ཏུ་གཏོང་བ། འབབ་རྒྱུད་ཡོངས་ལ་ཁྱབ་པའི་ཆུ་ལེན་སྤྱོད་ཀྱི་བསྡོམས་འབོར་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། ཆུ་བོ་དང་ཆུ་ལག་གི་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བཅས་བྱེད་དགོས། ས་འོག་ཆུའི་ཆུ་གནས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུས་རྒྱུད་དང་སྨད་རྒྱུད་ཀྱི་ས་འོག་གི་ཆུ་ཚད་ལས་བརྒལ་བའི་སྒོ་ནས་སྔོག་འདོན་དམ་འགོག་དང་ཆུ་གཙང་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐུང་ཆུའི་ཆུ་འགོའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། “བརྒྱད་བདུན”ཆུ་བགོའི་ཇུས་གཞི་བརྟན་པོའི་ངང་ཇེ་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱེད་དགོས། ཆུ་དབང་ཉོ་འཚོང་འཚོལ་ཞིབ་ཧུར་ཐག་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བྱས་ཏེ། ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་དཔྱ་ཁྲལ་དུ་བསྒྱུར་རྒྱུ་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་དགོས། ཆུ་གྲོན་ཆུང་གི་བྱེད་ཐབས་སྤྱད་ནས་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྨ་ཆུའི་ཆུ་རྒྱུན་དྲག་པོར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། ཆུ་དང་བྱེ་མ་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྐང་འཛིན་ཆུ་མཛོད་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་གཙོ་བོར་བྱེད་པའི་སྙོམ་སྒྲིག་མ་ལག་འཐུས་ཚང་དུ་གཏོང་དགོས། གཞུང་ཆུ་དང་ཆུ་ལག་མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ཆུ་གཙོ་བོའི་ཆུ་ལག་དང་ཉེན་ཁ་ཆེ་བའི་ཨར་ལས་ཀྱི་ཉེན་ཁ་ཆེ་རིགས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་རགས་གཙོ་བོའི་ཆུ་མཛོད་དང་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། རྨ་ཆུའི་ཆུ་བེད་འགག་རྩའི་བཟོ་སྐྲུན་གལ་ཆེན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས། གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་བསྣན་ཏེ། ཉེན་ཟོན་སྔོན་བརྡ་དང་འཕྲལ་སྡོམ་དང་ལེན་མཉམ་འགུལ་ལ་ཤུགས་སྣོན་དགོས། ཉེན་བཤེར་ཉེན་སེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འགོག་གནོད་སེལ་སྐོར་གྱི་དྲིལ་སྒྲོག་སློབ་གསོ་དང་། རྒྱུན་ལྡན་ཅན་དང་དངོས་འཐབ་ཅན་གྱི་མཐུན་སྦྱོར་སྐུལ་སློང་སྦྱོང་བརྡར་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་གི་ཞིང་ལས་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་མཐོའི་ས་ཞིང་འཛུགས་སྐྲུན་བྱེད་རྒྱུ་དང་། བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་བྱེད་པར་དམ་འཛིན་ལེགས་པོ་བྱས་ཏེ། རྨོ་ཞིང་གི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས། ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ས་ངོས་ཀྱི་བཞུར་རྒྱུག་དང་ས་འོག་གི་ཆུར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རླུང་ནུས་དང་གློག་ནུས་ཀྱི་རྟེན་གཞི་ཆེ་གྲས་དང་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་བ། ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ནུས་ཁུངས་གཙང་མའི་ཚབ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། ལས་རིགས་གལ་ཆེན་གྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་རྒྱ་སྐྱེད་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ས་ཁོངས་ནང་གི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་དང་སའོ་སོགས་ཀྱིས་ལག་རྩལ་སྤོ་སྒྱུར་དང་ཐོན་ལས་ཅན་གྱི་ཞབས་ཞུའི་ལམ་སྲོལ་གྱི་བཀོད་པ་དང་འཛུགས་སྐྲུན་བྱེད་པར་སྐུལ་སློང་བསྟོད་བསྔགས་བྱས་ཏེ། ཐོན་ལས་དང་གསར་གཏོད་ཕྲེང་འབྲེལ་མཐུན་སྦྱོར་བྱེད་པའི་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ནང་ཟབ་འཇུག་བྱས་ཏེ། རྣམ་པ་སྣ་ཚོགས་པའི་ས་གནས་སྲུང་སྐྱོབ་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། བཟང་ཆ་གསབ་རེས་བྱེད་པའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་ཁྱེར་ཆེ་གྲས་དག་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་བྱེད་པ། རྨ་ཆུའི་འགྲམ་རྒྱུད་དུ་གནས་པའི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མི་འབོར་གཅིག་འདུས་དང་ཐོན་ལས་རོགས་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁོངས་གཞན་དག་གི་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་མཐུན་སྦྱོར་མཉམ་འགུལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་བྱས་ནས། དམངས་འཚོའི་བདེ་སྐྱིད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། ལེགས་བསྡུས་ཞིབ་གཉེར་ངང་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ཏེ། རྫོང་མཁར་གྱི་ཐོན་ལས་དང་མི་འབོར་ཐེག་ནུས་མཐོར་འདེགས་སུ་གཏོང་བ་དང་། སྐྱེ་ཁམས་ཞན་ཁུལ་གྱི་ཐེག་ནུས་ཇེ་ཆུང་དུ་གཏོང་དགོས། རྫོང་མཁར་གྱིས་གྲོང་ཁྱེར་དང་དམ་པོར་སྦྲེལ་རྒྱུ་དང་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་པ། རྫོང་ཁོངས་ནས་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་དགོས། རིགས་དབྱེ་ནས་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དང་། གནས་སྡོད་དང་ལས་སྐྲུན་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ཀྱི་དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་དགོས། ལས་ཞུགས་བྱ་རྒྱུ་དེ་གནས་བབ་མངོན་གསལ་ཅན་གྱི་སྟེང་བཞག་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ཐོན་ལས་གསོ་སྐྱོང་ཚང་མར་ལས་ཞུགས་ཀྱི་ཤོང་ཚད་མངོན་སུམ་གྱིས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་དང་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཟབ་སྤེལ་བྱེད་པ། མི་རིགས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་ནས། ལོ་རྒྱུས་ཀྱི་རིག་གནས་འབྱུང་གཞི་དང་མི་རིགས་ཀྱི་རྩ་བ་རྒྱུན་འཛིན་ཡག་པོ་བྱེད་དགོས། རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། གནའ་རྫས་རྟོག་ཞིབ་སོགས་ཀྱི་ལས་དོན་ཟབ་སྤེལ་བྱེད་དགོས། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རྨ་ཆུའི་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་ཟབ་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་བློ་བརྟན་འགྱུར་མེད་ཀྱི་མི་རིགས་ཀྱི་གཤིས་རྒྱུད་དང་འབད་འཐབ་ཀྱི་སྙིང་སྟོབས་གསལ་སྟོན་གང་ལེགས་བྱེད་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ས་རྒྱུད་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་རྒྱུ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་ལས་དོན་སྤེལ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་འཁུར་ཏེ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་བསྡུ་འགུག་གང་ལེགས་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི“རྨ་ཆུའི་མཉམ་གཞས་ཆེ་མོ”ཡག་པོར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མཇུག་མཐར་ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་སྐོར་གྱི་བཀོད་སྒྲིག་དང་བྱེད་ཐབས་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དུས་ཚིགས་གསུམ་པའི་དུས་མཇུག་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཏེན་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། སྲུང་སྐྱོབ་ཆེན་མོ་དེ་འགག་རྩའི་ལས་འགན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། སྲ་ཞིང་བརྟན་ལ་འདེགས་སྐྱོར་ནུས་ལྡན་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་མགྱོགས་མྱུར་ངང་བསྐྲུན་དགོས།  “མི་དང་ཆུའི་བར་གྱི་འབྲེལ་བ”ཞེས་པའི་ལས་དོན་འདི་ཞིབ་མོའི་བློ་ཡིས་ལེགས་པར་བསྒྲུབ་པ་དང་། “ཆུ་བཞི་དང་གཏན་འཁེལ་བཞི”ཡི་རྩ་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་བོའི་འབབ་རྒྱུད་ཡོངས་ཀྱི་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་ངེས་གནས་གཞིར་བཟུང་སྟེ། སོ་སོའི་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་ཐོན་ལས་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔར་ལས་ཟབ་ཞུགས་གང་ལེགས་བྱེད་པ། ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་ཁྱབ་ཚད་དང་ཟབ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས།

ཧི་ལིས་ཧྥུན་དང་ཝུའུ་ཀྲིན་ལུང་། མུའུ་ཧུང་། ཅང་ཞིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།