སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞི་སྟེ་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་གྱི་ཞིབ་འཇུག་དང་ཚོད་ལྟར་ཞུགས་པའི་མི་སྣའི་འཐུས་མིར་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་སྟེ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞི་ཡི་ལོ་ངོ་ཉི་ཤུའི་གྲུབ་འབྲས་ནང་རང་རྒྱལ་གྱི་མཁའ་སྐྱོད་པ་རབས་དུ་མའི་བློ་གྲོས་དང་སྙིང་སྟོབས་འདུས་ཡོད་ཅིང་། དེས་ཀྲུང་གོ་པའི་བློ་སྟོབས་དང་ལ་རྒྱ། གདིང་ཤུགས་བཅས་གང་ལེགས་སྒོས་མངོན་ཡོད། སྤྱི་ཚོགས་ཡོངས་སུ་ཕུགས་འདུན་དོན་གཉེར་བྱེད་ཕོད་པ་དང་འཚོལ་ཞིབ་བྱེད་ཕོད་པ། མཉམ་ལས་མཁྲེགས་གཏོར་བྱེད་པ། མཉམ་ལས་གཉིས་ཕན་ཡིན་པ་བཅས་ཀྱི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ཀྱི་མཁའ་སྐྱོད་ལས་བཟོ་པའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བའི་ལྷ་མོ་ཨང་དྲུག་པས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཟླ་བའི་གོ་ལའི་རྒྱབ་ངོས་སུ་མ་དཔེ་ཐོག་མ་ལེན་པའི་ལས་དོན་ཡོངས་འགྲུབ་བྱས་ནས། འགག་རྩའི་ལག་རྩལ་མང་པོ་ཞིག་ལས་ཐོད་བརྒལ་བྱུང་ཡོད་ཅིང་། དེ་ནི་རང་རྒྱལ་གྱིས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་ལས་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཞིག་ཡིན་ལ། རང་རྒྱལ་གྱི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་མགཞིའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ20རིང་ལ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་གཞིས་ སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་བགྲོད་ལམ་སྟེང་བསྐྱོད་དེ། རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་དང་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་འཚོལ་ཞིབ་བྱ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།
མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་གླིང་དང་པོའི་རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའི་སྤྱིའི་བཀོད་འདོམས་པ་ཝང་ཅའོ་ཡིས་བཤད་རྒྱུར། ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ཉན་རྗེས་ཡར་སྐུལ་ཆེན་པོ་ཐེབས་སོང་། རྒྱང་སྐྱོད་རྟགས་མའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ལས་འགན་ཁྲོད་དུ་ཐོག་མའི་འགན་འཁྲི་གལ་ཆེན་འཁུར་ཡོད། མིག་སྔར་ང་ཚོས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལྕི་མོའི་རིགས་ཀྱི་དང་ཟླ་བའི་གོ་ལའི་ཐོག་ཏུ་མི་སྐྱེལ་བའི་མེ་ཤུགས་འཕུར་མདའི་ཞིབ་བཟོ་བྱ་བ་བརྟན་བརླིང་ངང་སྤེལ་བཞིན་ཡོད་ལ། མ་འོངས་པའི་བར་སྣང་ས་ཚིགས་ཀྱི་བཀོལ་སྤྱོད་དང་། ཟླ་བའི་གོ་ལའི་ཐོག་ཏུ་མི་སྐྱེལ་ནས་བརྟག་དཔྱད་བྱེད་པ་སོགས་ཀྱི་བཟོ་སྐྲུན་གྱི་ལས་འགན་གལ་ཆེན་ཐད་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།
ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་མཁའ་སྐྱོད་པ་མི་རབས་དུ་མས་རང་སྟོབས་རང་སྤེལ་དང་རང་བརྟེན་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཁའ་སྐྱོད་བྱ་གཞག་འདི་ཉིད་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེན། “ཐོག་མའི་འཆར་གཞི་འགོད་པ”ནས“ད་ལྟའི་འབད་འཐབ་བྱས་ཏེ་ཕུགས་འདུན་མངོན་འགྱུར་བྱེད་ཀྱིན་པར་བརྩོན་པ”བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ལོ་རྒྱུས་རང་བཞིན་དང་སྤུས་ཚད་མཐོ་བ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཕྱིའི་བར་སྣང་ཁམས་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱབ་ཁོངས་ཡིན་པ་དང་། བར་སྣང་འཚོལ་ཞིབ་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན། “ཟླ་བའི་ལྷ་མོ”ནི་ཀྲུང་གོའི་ཡིན་པར་མ་ཟད་མིའི་རིགས་ཡོངས་ལ་དབང་བ་ཞིག་ཀྱང་ཡིན། ང་ཚོས་མུ་མཐུད་དུ་བློ་རྒྱ་ཡངས་པོར་བསྐྱེད་དེ། མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་རྣམ་པ་སྣ་ཚོགས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། རྒྱལ་ཁབ་སོ་སོའི་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། ཕྱིའི་བར་སྣང་ཁམས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། མཁའ་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས་ཞེས་གསུངས།
རྒྱལ་ཁབ་མཁའ་སྐྱོད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་པེན་ཀྲི་ཀང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས་ང་ཚོ་མཁའ་སྐྱོད་ལས་རིགས་ཀྱིས་ཡང་འབད་བསྐྱར་འབད་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་ཁྱབ་ཁོངས་སུ་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ལྟར་དུ་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར།
ཞི་ཅིན་ཕིང་གིས་བར་སྣང་ཁམས་འཚོལ་ཞིབ་བྱེད་པར་ནམ་ཡང་རྫོགས་མཐའ་མེད། མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་དུས་བསྟུན་མདུན་སྐྱོད་སྒོས་ཟླ་བའི་གོ་ལའི་མ་དཔེ་ལ་ཚན་རིག་ཞིབ་འཇུག་ཞིབ་ཚགས་བྱེད་རྒྱུ་དང་བར་སྣང་འཚོལ་ཞིབ་ཚད་ལེན་སོགས་མཁའ་སྐྱོད་ཀྱི་བཟོ་སྐྲུན་གལ་ཆེན་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ། བར་སྣང་ཚན་རིག་དང་བར་སྣང་ལག་རྩལ། བར་སྣང་བཀོལ་སྤྱོད་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ། སྤྱི་ཚོགས་ཡོངས་སུ་ཕུགས་འདུན་དོན་གཉེར་བྱེད་ཕོད་པ་དང་འཚོལ་ཞིབ་བྱེད་ཕོད་པ། མཉམ་ལས་མཁྲེགས་གཏོར་བྱེད་པ། མཉམ་ལས་གཉིས་ཕན་ཡིན་པ་བཅས་ཀྱི་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་རང་མི་རིགས་ཀྱི་རང་རྟོན་དང་སྤོབས་སེམས་ཆེ་རུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཟླ་བའི་ལྷ་མོ་ཨང་དྲུག་པ་རྟགས་ཅན་གྱི་འཚོལ་བཤེར་མ་ལག་གི་ཀྲུའུ་རིན་ཇུས་འགོད་པ་ཧི་ཀྲུང་ཆིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླབས་ཆེན་བྱ་གཞག་ལས་རླབས་ཆེན་སྙིང་སྟོབས་བྱུང་བ་དང་། རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་ཁྲིད་སྟོན་བྱེད་ངེས་ཞེས་གསུངས་ཡོད། ཟླ་བའི་གོ་ལར་བརྟག་དཔྱད་བྱེད་པའི་སྙིང་སྟོབས་ཀྱི་ཁྲིད་སྟོན་འོག་ཏུ། ང་ཚོས་ཟླ་བའི་གོ་ལར་བརྟག་དཔྱད་བྱེད་སོགས་ཀྱི་ལག་རྩལ་ཐད་མཁྲེགས་གཏོར་བྱས་ཏེ། རྗེས་མཐུད་ཀྱི་ལས་གཞི་གལ་ཆེན་ཐད་ནུས་པ་སྔར་ལས་ཆེ་བའི་འཚོལ་བཤེར་ཐོན་རྫས་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།