ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཨར་མི་རིགས་མཐུན་སྒྲིལ་དམ་ཚིག་རྡོ་རིང་གི་དམ་བཅའ་འཇོག་མཁན་གྱི་འཐུས་མིའི་རྗེས་རབས་པར་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་ནས་རེ་བ་ནན་མོ་བཏོན།
ཞི་ཅིན་ཕིང་གིས1951ལོར་ཁྱོད་ཚོ་དང་སྔོན་རབས་པ་ཚུད་པའི་མི་རིགས་སོ་སོའི་འཐུས་མིས་དམ་ཚིག་རྡོ་རིང་བཙུགས་ནས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་པའི་དམ་བཅའ་བཞག་ཡོད། ལོ་ངོ70ལྷག་གི་རིང་ལ། མི་རིགས་སོ་སོའི་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་ངང་བློ་ཁ་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་ལེའུ་བརྩམས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་། མི་རིགས་ང་དྲུག་ནི་ཕན་ཚུན་མཛའ་ཞིང་བརྩེ་བའི་ཁྱིམ་ཚང་གཅིག་གི་ཁྱིམ་མི་ཡིན། ཁྱོད་ཚོས་སྔོན་རབས་པའི་གཟི་བརྗིད་དང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། མུ་མཐུད་དུ་དམ་ཚིག་རྡོ་རིང་གི་གཏམ་རྒྱུད་སྔར་ལས་ལེགས་པའི་སྒོ་ནས་བརྩམས་ཏེ། མི་རིགས་མཐུན་སྒྲིལ་གྱི་གཏམ་སྙན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་ལྟོས་ཆེ། མི་རིགས་སོ་སོའི་མི་དམངས་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་བརྟན་པོར་ངེས་པར་བྱེད་པ་དང་རྒྱུད་དུ་ཟབ་མོར་འདྲེས་པར་བྱས་ཏེ་མེས་རྒྱལ་གྱི་མངའ་ཁོངས་བརྟན་སྲུང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སྔར་ལས་བཀྲག་མདངས་ལྡན་པའི་ངང་བཞད་ཐུབ་པར་འབད་འབུངས་བྱེད་དགོས་ཞེས་ནན་གྱིས་གསུངས།
1950ལོར་ཡུན་ནན་ཕུའུ་ཨར་ས་ཁུལ་གྱི་མི་རིགས་སོ་སོའི་འཐུས་མི་རྣམས་གདན་དྲངས་པ་ལྟར་པེ་ཅིང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པར། མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱམས་བརྩེའི་ངང་ཁོ་ཚོར་མཇལ་འཕྲད་གནང་། 1951ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། ཕུའུ་ཨར་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས་ཏེ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་དམ་ཚིག་རྡོ་རིང་བཙུགས་ཏེ།“བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་དམ་པོ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། འདྲ་མཉམ་དང་རང་དབང་། བདེ་སྐྱིད་བཅས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་བསྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་དམ་བཅའ་བཞག་པ”དང་། མི་རིགས་སོ་སོའི་འཐུས་མི48ཀྱིས་རྡོ་རིང་སྟེང་མིང་བཀོད། ཉེ་ལམ། ཕུའུ་ཨར་མི་རིགས་མཐུན་སྒྲིལ་དམ་ཚིག་རྡོ་རིང་གི་དམ་བཅའ་འཇོག་མཁན་གྱི་འཐུས་མིའི་རྗེས་རབས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ཏེ། ས་གནས་དེ་གའི་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ཏུ། བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་པའི་གནས་ཚུལ་ཡར་ཞུ་ཞུས་པ་དང་། དམ་ཚིག་བློ་ལ་བརྟན་པོར་བཅངས་ནས་ཏང་གི་རྗེས་སུ་འབྲངས་རྒྱུ་དང་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་དར་རྒྱས་གོང་འཕེལ་གྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།