ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2024.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་མ་འོངས་པའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མཁྲེགས་གཏོར་དཀའ་སེལ་དང་ཁ་གཏད་ནན་འཇལ་གྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གཏོང་བར་ཤུགས་སྣོན་པ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་བཅས་བྱས་པའི་དབང་གིས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་བརྟན་ཐོག་ཡར་འཕེལ་བྱུང་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དམངས་འཚོའི་འགན་ལེན་ནུས་ལྡན་བྱུང་ཞིང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁར་འགོག་སེལ་བྱེད་པར་འཕེལ་རྒྱས་བཟང་བོ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད།

གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་དཔལ་འབྱོར་གྱི་གཞི་རྩའི་རྣམ་པ་དང་ཁྲོམ་ར་རྒྱ་ཆེ་ཞིང་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ། སྦས་ཤུགས་ཆེ་བ་སོགས་ཀྱི་མཐུན་རྐྱེན་ལ་འགྱུར་ལྡོག་བྱུང་མེད། དུས་མཚུངས་སུ། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཐད་ལ་གནས་ཚུལ་དང་གནད་དོན་གསར་པ་ཁ་ཤས་ཐོན་ཡོད། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་ཞིང་བབ་བརླིང་བཅས་ཀྱི་སྒོ་ནས་ལྟ་སྟངས་ཡང་དག་འཛིན་རྒྱུ་དང་། དཀའ་ངལ་ལ་མཐོང་ཆེན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་དགོས། གཙོ་གནད་དམ་འཛིན་དང་རང་འགུལ་ངང་བྱེད་ཐབས་སྤྱད་ནས་གསོག་འབོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། འཕར་འབོར་སྲིད་ཇུས་འདོན་རྒྱུར་ཤུགས་སྣོན་པ། སྲིད་ཇུས་བྱེད་ཐབས་ཀྱི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་འབད་པས་སྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་ལྡོག་པའི་འཁོར་ཡུན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོས་ངེས་ཀྱི་ནོར་སྲིད་འགྲོ་སོང་ལ་འགན་ལེན་བྱས་ཏེ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་གྱི་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྲིད་གཞུང་གི་མ་དངུལ་འཇོག་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས། བཅོལ་དངུལ་སྤྲོད་དམིགས་འཇོག་ཚད་ཇེ་དམའ་རུ་བཏང་སྟེ་སྐྱེད་ཀ་གཅོག་གང་ཐུབ་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ཚོང་ར་མར་ཆག་མཚམས་བཞག་སྟེ་གཏན་འཇགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། ཚོང་སྒྱུར་ཁང་པ་འཛུགས་སྐྲུན་བྱེད་པར་འཕར་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་གསོག་གྲངས་ལེགས་སྒྱུར་བྱེད་པ། སྤུས་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ།“མིང་ཐོ་དཀར་པོ”ཡི་ལས་གཞིར་དངུལ་བུན་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གསོག་ཐེབས་བེད་མེད་ས་ཞིང་བེད་སྤྱོད་ལེགས་པོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་ལན་བསློགས་ནས་སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་ཇེ་དམའ་རུ་གཏོང་བ། ས་ཆ་དང་ནོར་ཁྲལ། དངུལ་རྩ་སོགས་ཀྱི་སྲིད་ཇུས་དུས་ཚོད་དམ་འཛིན་བྱས་ཏེ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། མ་རྩའི་ཁྲོམ་ར་ཧུར་ཐག་གིས་འཕེལ་བར་བྱེད་པ་དང་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་འགན་སྲུང་དང་འགན་བཅོལ། ནོར་སྲིད་དོ་དམ་སོགས་ཀྱི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་བཀག་རྒྱ་མེད་པར་བྱེད་དགོས། ཁྲོམ་འགྲེམ་ཀུང་ཟིའི་མཉམ་ཉོ་བསྐྱར་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གཞུང་བསྡུས་ཐེབས་རྩ་བཅོས་སྒྱུར་ལ་སྐུལ་སྤེལ་བརྟན་པོ་གཏོང་བ། མ་དངུལ་འཇོག་མཁན་ཆུང་འབྲིང་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་དངོས་སུ་འདོན་དགོས།

གྲོས་ཚོགས་ལས་བསྟན་དོན། ཁེ་ལས་དཀའ་ངལ་ལས་སྒྲོལ་རྒྱུར་རོགས་རམ་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་བཏོན་ནས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས། འཛད་སྤྱོད་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ་གཉིས་ཟུང་འབྲེལ་བྱས་ཏེ། ཡོང་འབབ་འབྲིང་དམའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་འཛད་སྤྱོད་གྲུབ་ཚུལ་མཐོར་འདེགས་གཏོང་དགོས། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱེད་དགོས། མ་རྩ་ནང་འདྲེན་དང་མ་རྩ་བརྟན་པོ་ཡོང་ཤུགས་ཆེ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཞུགས་འཐུས་སོགས་ཀྱི་བཅོས་སྒྱུར་བྱེད་ཐབས་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་བྱ་རྒྱུ་དམ་འཛིན་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་ལས་ཇེ་ལེགས་སུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་འཚོའི་ཚད་མཐའ་བརྟན་པོར་བསྲུང་ནས་ལོ་འདི་གའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ཞིང་པ་ཞོར་ལས་པ་དང་དབུལ་ཐར་མི་འབོར། ལས་ཞུགས་པ་མེད་པའི་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོར་སྒྲུབ་དགོས་པ་དང་། ལོ་ན་ཆེ་བ་དང་དབང་པོ་སྐྱོན་ཅན། དུས་ཡུན་རིང་པོར་ལས་ཀ་ཤོར་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟའ་བཏུང་དང་ཆུ། གློག ཚ་ནུས་སོགས་དངོས་ཟོག་གལ་ཆེན་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་དམ་འཛིན་ཏན་ཏིག་བྱེད་པ་དང་། ཞིང་པའི་ཡོང་འབབ་འཕར་བར་སེམས་ཁུར་བྱེད་པ། སྟོན་དགུན་གྱི་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་དོན་སྒྲུབ་རྒྱུ་ཨང་དང་པོར་འཇོག་པ་དང་ཀུན་སེམས་གཅིག་མཐུན་ཡོང་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བཏང་ནས། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པར་བྱས་ནས། མཁྲེགས་གཏོར་དཀའ་སེལ་བྱེད་པའི་རིང་ལ་འཇོན་ཐང་ཆེ་རུ་གཏོང་བ་དང་གྲུབ་འབྲས་ཐོབ་པར་བྱེད་དགོས། མི་འདེམས་མི་བཀོལ་གྱི་ཁ་ཕྱོགས་ཡག་པོ་འཛུགས་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་མོ་བྱས་ཏེ། འགན་འཁྲི་ཁུར་མཁན་གྱིས་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། སྐུལ་ཁྲིད་དང་གདུང་འདེགས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་ལས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།