ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དབྱི་ཀྲུང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་བཟོ་པའི་འཐུས་མིར་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་མ་ཟད། རེ་བ་ནན་མོ་བཏོན།
ཞི་ཅིན་ཕིང་གིས་དབྱི་ཀྲུང་སྡེ་ཚོགས་ཀུང་ཟི་རུ་ང་ཐེངས་གཉིས་ལ་སོང་མྱོང་། ཚང་མས་ཚན་རྩལ་གསར་གཏོད་དང་ཐོན་རྫས་ཀྱི་སྤུས་ཚད་ལ་འབད་བརྩོན་ལྷོད་མེད་བྱས་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་འདི་དག་གི་རིང་ལ། ཁྱོད་ཚོས་སྒྲིག་ཆས་གལ་ཆེན་བཟོ་སྐྲུན་བྱེད་པའི་གནད་འགག་དང་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ལ་དམ་པོར་དམིགས་ཏེ། འབད་བརྩོན་ཆེན་པོས་མཁྲེགས་གཏོར་བྱས་པའི་དབང་གིས། བརྒལ་གཏོར་གསར་པ་མི་ཉུང་བ་ཞིག་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཐོན་ལས་བཟོ་པའི་རྒྱལ་གཅེས་ཀྱི་བསམ་པ་དང་གསར་གཏོད་ཀྱི་ནུས་པ་མཚོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན། ཁྱོད་ཚོས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་དགོས་པར་མ་ཟད། དཀའ་སྤྱད་ཆེན་པོས་ནང་ནུས་སྦྱོང་བ་དང་འཇོན་ཐང་ཆེ་རུ་གཏོང་བར་འབད་དེ། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་འབུལ་དགོས་པའི་རེ་ལྟོས་ཆེ། ཀྲུང་དབྱང་ཁེ་ལས་ཀྱིས་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་གཏོང་བ་དང་ལྟེ་བའི་ནུས་པ་ཆེ་རུ་གཏོང་བ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སྟོབས་ལྡན་དུ་གཏོང་བ་དང་ལེགས་སྒྱུར་བྱེད་པ། ཆེན་པོར་བསྒྱུར་བ་བཅས་ལ་འབད་འབུངས་ལྷོད་མེད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།