ཀྲུང་ཧྭ་མི་དམངས་སྤྱི་མཐུན་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་ཚེས29ཉིན་གྱི་དགོང་མོར་པེ་ཅིང་དུ་བསྡུས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་ཀྱིས་ལྟད་མོ་པ་སྟོང་གསུམ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་ཚེས29ཉིན་གྱི་དགོང་མོར་པེ་ཅིང་དུ་བསྡུས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་ཀྱིས་ལྟད་མོ་པ་སྟོང་གསུམ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་དང་། མཉམ་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་རིང་གི་འོད་ཟེར་སྟོང་ལྡན་གྱི་ལོ་རྒྱུས་བཞུད་ལམ་ལ་ཕྱིར་མིག་འཕངས་པར་མ་ཟད། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྨོན་འདུན་ཞུས།
མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོགས་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས། དགོང་མོའི་ཆུ་ཚོད7དང་སྐར་མ55སྟེང་དུ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ཏེ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམས་ཚོགས་ཁང་ཆེན་མོའི་ནང་ཕེབས་ཏེ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
ཡུལ་དངོས་སུ་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས།
“དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན། ངའི་ཀྲུང་གོ་་་་”ཞེས་བརྩེ་དུང་ཟབ་ལ་དྲོ་སྐྱིད་ལྡན་པའི་འགྱུར་ཁུགས་ཀྱི་འགྲོས་དང་བསྟུན་ནས་འཁྲབ་སྟོན་བྱེད་འགོ་བརྩམས། ཐེངས་འདིའི་འཁྲབ་སྟོན་ལ་སྔོན་འགྲོའི་རོལ་དབྱངས་དང་རོལ་དབྱངས་ཀྱི་ལེ་ཚན་ལྔ་ཚུད་ཡོད་པ་དང་། རིག་རྩལ་ལས་བྱེད་པ་ཚོས་བྱང་ཆུབ་པའི་དཀྲོལ་གཏོང་དང་མི་སེམས་འགུལ་བའི་གླུ་སྒྲས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་རྒྱུས་ཀྱི་འཕར་རྩ་དེ་རོལ་དབྱངས་འདུ་ཚོགས་ཀྱི་ལེའུ་རེ་རེའི་གྲུབ་ཆའི་ཁྲོད་མངོན་པར་བྱས་ནས། ཕུལ་བྱུང་རོལ་དབྱངས་བརྩམས་ཆོས་ཁྲོད་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་དྲན་ཤེས་སྒོ་ཀུན་ནས་གཟུགས་ཅན་བཞིན་དུ་ཕྱིར་ཕྱུང་།
འབུད་དཀྲོལ་རོལ་དབྱངས《མཉམ་སྒྲོག་སྔོན་འགྲོའི་རོལ་དབྱངས་དང་པོ》ཞེས་པ་དང་མཉམ་ལེན་ཆེན་མོ《རྨ་ཆུའི་མཉམ་ལེན་ཆེན་མོ》ཞེས་པ་བརྗིད་ཉམས་ཆེ་བའི་ངང་ནས་བླངས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཀྲུང་གོ་མི་དམངས་ཀྱིས་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སྒོ་ནས་ཏང་གི་འགོ་ཁྲིད་འོག་ཏུ། རྒྱལ་ཁ་རླབས་ཆེན་བླངས་པ་དང་ཀྲུང་གོ་གསར་པ་བཙུགས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བཞུད་ལམ་མངོན་མཚོན་གང་ལེགས་བྱས་ཡོད། 《མེས་རྒྱལ་ལ་ཕུལ་བའི་བསྟོད་གླུ》དེ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་བླངས་པ་དང་། 《ལོ་ལེགས་སྨིན་པར་ཕུལ་བའི་བསྟོད་གླུ》ཞེས་པར་དགའ་སྤྲོའི་ཉམས་སྣང་རབ་ཏུ་རྒྱས་ཡོད། འབུད་དཀྲོལ་རོལ་དབྱངས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་སྐབས་ཀྱི་རང་སྟོབས་རང་སྤེལ་དང་འབད་འབུངས་ཧུར་ལེན་གྱི་བརྗེད་པར་དཀའ་བའི་ལོ་ཟླར་བསྐྱར་དྲན་བྱས་པའི་དབང་གིས། ཡུལ་དངོས་ཀྱི་ལྟད་མོ་པ་ཚོའི་ཡིད་སེམས་གཡོས་པར་བྱས། འབུད་དཀྲོལ་རོལ་དབྱངས《པེ་ཅིང་གི་གཏམ་སྙན་མཐའ་མཚམས་སུ་འབྱོར་བ》ཞེས་པ་དང་མི་རིགས་ཀྱི་རོལ་ཆས་མཉམ་དབྱངས《ཚོན་མདངས་རྣམ་པར་བཀྲ་བའི་མཉམ་སྒྲོག་རོལ་མོ》ཞེས་པ་དེས་མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་སྦྲེལ་ཏེ། མཛེས་སྡུག་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་ལ་བརྟེན་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་བསྟོད་གླུ་ཕུལ་ཡོད། མཉམ་སྒྲོག་མཉམ་གཞས《རེ་བའི་ཞིང་ཁ》དང་འབུད་དཀྲོལ་རོལ་དབྱངས《གཞོན་ནུའི་སྒོར་གཞས་རོལ་དབྱངས》ཀྱིས་གདངས་སྙན་རྣ་བར་འཇེབས་ཤིང་གསོན་ཉམས་ལྡན་པའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ཀྲུང་གོ་མི་དམངས་ཀྱིས་བསམ་བློར་བཅིངས་འགྲོལ་བཏང་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པའི་བསམ་པའི་ཉམས་སྣང་མངོན་པར་བསྟན།
རོལ་དབྱངས་འདུ་ཚོགས་ཀྱི་རྣམ་པར་འཁྲུག་ཆ་དོད་ཅིང་མཐོ་རླབས་ཡང་ཡང་འཕྱུར། རྣོ་སྦྲེངས་དང་རོལ་ཆའི་རུ་ཁག་གིས་དཀྲོལ་བའི《གནམ་ས་གསར་པ》ཡིས་ཉམས་འགྱུར་རབ་ཏུ་འཕེལ་བར་བྱས་པ་དང་། འབུད་དཀྲོལ་རོལ་དབྱངས《རི་ཀླུང་རི་མོ་བཞིན་མཛེས》ཞེས་པས་བརྗིད་ཉམས་ལྡན་པའི་བརྩེ་དུང་མངོན་མཚོན་བྱས་ཡོད་ལ། མཉམ་སྒྲོག་མཉམ་གཞས《སྐྱོད་ལམ་གསར་པ》ཞེས་པས་དཔའ་ཉམས་ལྡན་པའི་དུས་རབས་ཀྱི་གླུ་དབྱངས་རེ་རེ་བཞིན་གསང་མཐོར་བླངས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོས་རང་རྟོན་རང་འབད་དང་བདེན་སྲུང་གསར་གཏོད་བྱེད་པའི་བསམ་པའི་ཉམས་འགྱུར་སྒོ་ཀུན་ནས་མཚོན་པར་བྱས་པའི་དབང་གིས། ལྟད་མོ་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་བྱས། ཚོགས་ར་ཡོངས་ཀྱིས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི“སྐར་ལྔའི་དར་དམར་རླུང་གིས་བསྐྱོད། རྒྱལ་ཁའི་གླུ་སྒྲ་ལྷང་ལྷང་མཆེད”ཞེས་པའི་གླུ་གཞས་མཉམ་གཏོང་བྱས་པའི་འགྲོས་དང་བསྟུན་ནས་རོལ་དབྱངས་འདུ་ཚོགས་གྲོལ།
རོལ་དབྱངས་འདུ་ཚོགས་ལ་ཞུགས་མཁན་གྱི་གྲས་སུ་ད་དུང་དབྱིན་ལིས་དང་ཧྲི་ཐའེ་ཧྥུན། ལིའུ་གོ་ཀྲུང་། ལིས་ཀན་ཅེ། ལིས་ཧྲུའུ་ལའེ། ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཅ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲུན། ལིས་ཀྲན་ཧྲུའུ། ཝང་དབྱང་། ཙིན་ཆིན་ཧུང་། ལིས་ཁྲང་ཁྲུན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་ཞུ་བྱས་པའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི།“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང“མཛའ་མཐུན་གཟེངས་རྟགས”། “བདུན་གཅིག་གཟེངས་རྟགས”། “བརྒྱད་གཅིག་གཟེངས་རྟགས”བཅས་ཀྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་དང་རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ་གྱི་འཐུས་མི། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་ཁོངས་མི། བློ་མཐུན་རྒན་གྲས། ཞང་ཀང་གི་སྤུན་ཟླ་དང་ཨོ་མིན་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་དང་དེ་བཞིན་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་འཐུས་མི། ཀྲུང་གོར་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་སོགས་ཀྱིས་འཁྲབ་སྟོན་ལ་བལྟས།
བན་དེ་སྐྱབས་ཀྱིས་བསྒྱུར།