ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྟེ་དགུ་པའི་ཚེས་དགུ་ཉིན་གྱི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རེ་ལྔའི་ཡན་གྱི་ལོ་ལོན་འགུལ་སྐྱོད་ཀྱི་ལོ་ལོན་དང་བླངས་པའི་འཐུས་ཚབ་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་སྐུལ་མ་གནང་བ་དང་། རྒྱལ་ཡོངས་ཀྱི་ལོ་ལོན་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་མང་པོའི་རིང་ལ། ཚང་མ་དང་བླངས་ཞབས་ཞུའི་བྱ་འགུལ་ཁྲོད་ཟབ་ཞུགས་བྱས་ནས། རང་ཉིད་ཀྱི་འཇོན་ནུས་བཀོལ་ནས་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་། སྤྱི་ཚོགས་ལ་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱས་ལ། དུས་རབས་གསར་བའི་ཀྲུང་གོའི་ལོ་ལོན་གྱི་བསམ་པའི་རྣམ་པ་མངོན་པར་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ལོན་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པས། རྒྱ་ཆེའི་ལོ་ལོན་གྲོགས་པོ་ཚོས་ན་རྒས་ངར་ཆེ་ཡི་སེམས་ཁམས་དང་མདུན་སྐྱོད་ཀྱི་སྙིང་སྟོབས་སྲུང་འཛིན་བྱེད་པ་དང་། རྒས་ན་གཉོར་སྐྱོང་ཡོད་པ་དང་རྒས་ན་འཚོལ་སྙེག་ཡོད་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ལོ་ལོན་གྱི་སྟོབས་ཤུགས་འབུལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་ལོན་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ལོ་ལོན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དོ་སྣང་བྱེད་པ། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་ནས། ལོ་ལོན་གྱི་འཚོ་བར་འགན་སྲུང་བཟང་བོ་བྱེད་པ་དང་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།
ལོ་ལོན་འགུལ་སྐྱོད་ནི་རྒྱལ་ཡོངས་ཀྱི་ལོ་ལོན་ཨུ་ཡོན་ལྷན་ཁང་གིས2023ལོར་སྤེལ་འགོ་བརྩམས་པའི་དང་བླངས་ཞབས་ཞུའི་བྱ་འགུལ་ཡིན་ལ། གཙོ་བོར་ཁྱབ་ཁོངས་སོ་སོའི་ཆེད་མཁས་པ་རྒན་པ་དང་དགེ་རྒན་ཆེན་མོ་བ་རྒན་པ་རྩ་འཛུགས་བྱས་ནས་དར་རྒྱས་མིན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཀྱིན་ཡོད། མིག་སྔའི་བར་དུ། རྒྱལ་ཡོངས་སུ་ལོ་ལོན་འགུལ་སྐྱོད་ལ་ཞུགས་པའི་ལོ་ལོན་དང་བླངས་པ་བསྡོམས་པས་མི་ཐེངས་ས་ཡ་བདུན་ལྷག་ཡོད་པ་དང་། རོགས་སྐྱོར་རྣམ་གྲངས་སྟོང་བཞི་ལྷག་སྤེལ་ལ། ལོ་ལོན་འགུལ་སྐྱོད་དེ་ལོ་ལོན་ཚོས་ཕུགས་འདུན་འཚོལ་སྙེག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་ལམ། ལོ་ལོན་འགུལ་སྐྱོད་གྱི་དང་བླངས་པའི་འཐུས་ཚབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། དང་བླངས་ཞབས་ཞུའི་གནས་ཚུལ་ཡར་ཞུ་བྱས་པ་དང་། མུ་མཐུད་དུ་འཇོན་ནུས་འདོན་སྤེལ་བྱེད་པ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།
རིན་ཆེན་མཚོས་བསྒྱུར།