ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་དམག་དོན་གཞུང་ལུགས་བྱ་བའི་གྲོས་ཚོགས་ལ་མཛུབ་སྟོན་གལ་ཆེན་གནང་།
2024.10.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

 ཟླ10པའི་ཚེས14ཉིན་ནས་ཚེས15ཉིན་བར། དམག་ཡོངས་ཀྱི་དམག་དོན་གཞུང་ལུགས་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམག་དོན་གཞུང་ལུགས་དེང་རབས་ཅན་དུ་བསྒྱུར་བ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་སྔོན་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། དུས་རབས་གསར་པའི་སྐྱོད་ལམ་གསར་པར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། དམག་དོན་གསར་བརྗེ་གསར་པར་འཕེལ་རྒྱས་མགྱོགས་པོ་འབྱུང་བཞིན་ཡོད་ལ། རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་སྔར་ལས་དགོས་གཏུག་ཆེ་བས།  དམག་དོན་གཞུང་ལུགས་བྱ་བར་ངེས་པར་དུ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས།  དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་མི་དམངས་དམག་དཔུང་འཛུགས་སྐྲུན་གྱི་ལག་ལེན་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་དམག་དོན་རིག་གནས་ཀྱི་སྙིང་བཅུད་བསྡུ་ལེན། གཡུལ་སར་ཁ་ཕྱོགས་པ་དང་། དམག་དཔུང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས། ཚན་རྩལ་གྱི་འགྱུར་བ་དང་། དམག་འཁྲུག་གི་འགྱུར་བ། འགྲན་ཡའི་འགྱུར་བ་བཅས་ལ་དམ་པོར་དམིགས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་དམག་འཁྲུག་རྒྱག་པར་གྲ་སྒྲིག་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་། དམག་དོན་གཞུང་ལུགས་གསར་གཏོད་བྱེད་པའི་རྩེ་རིམ་ཇུས་འགོད་ལེགས་བཅོས། དམག་དོན་གཞུང་ལུགས་ཞིབ་འཇུག་བྱེད་སྟངས་ལེགས་སྒྱུར།  དམག་དོན་གཞུང་ལུགས་གཞན་སྒྱུར་བེད་སྤྱོད་བྱེད་པར་ཤུགས་སྣོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་གཞུང་ལུགས་མ་ལག་འཛུགས་སྐྲུན་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་འཛམ་གླིང་གི་དམག་དཔུང་རྩེ་གྲ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཆེད་ཚན་རིག་དང་མཐུན་པའི་འདེགས་སྐྱོར་དང་སྣེ་ཁྲིད་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། འཛམ་གླིང་གི་དམག་དཔུང་རྩེ་གྲ་ཕྱོགས་ཡོངས་ནས་བསྐྲུན་པར་དམིགས་པ་དང་། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་པར་དམིགས་པ།  དམག་དོན་གཞུང་ལུགས་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་འགན་འཁྲི་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ།  དུས་རབས་གསར་པའི་དམག་འཁྲུག་དང་དམག་འཐབ་སྐོར་གྱི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། གཞུང་ལུགས་ཀྱི་ནང་དོན་མ་ལག་འཛུགས་པ་དང་། རྩ་འཛུགས་དོ་དམ་མ་ལག་འཛུགས་པ། ཞིབ་འཇུག་སྟོབས་ཤུགས་མ་ལག་འཛུགས་པ། སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཐོད་བརྒལ་བརྩོན་ལེན་བྱས་ནས།  དུས་རབས་གསར་པའི་སྐྱོད་ལམ་གསར་པའི་དམག་དོན་གཞུང་ལུགས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་སྟེང་དམག་དོན་གཞུང་ལུགས་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་དང་གྲོས་སྡུར་བྱས་པ་དང་། ལས་འགན་ཁག་བགོས་དང་དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་བཟོས་ཤིང་། སྡེ་ཁག6གིས་ཚོགས་འདུའི་ཐོག་བརྗེ་རེས་གཏམ་བཤད་སྤེལ།

དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་པུའུ་ཨུ་སོ་སོ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས། དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས།  འཐབ་ཁུལ་སོ་སོ། དམག་དཔུང་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ།  དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།