ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་སྡུར་ཆེན་མོར་ཞུགས་པའི་སློབ་མའི་འཐུས་མིར་འཕྲིན་ལན་བསྐུར་ནས། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་མ་ཟད་རེ་བ་ནན་མོ་བཏོན།
ཞི་ཅིན་ཕིང་གིས་ཁྱོད་ཚོས་འགྲན་སྡུར་ཆེན་མོ་ལས་སྟེགས་སུ་བྱས་ནས། སློབ་ཁང་དང་ཚོད་ལྟ་ཁང་དུ་སྦྱངས་པའི་ཤེས་བྱར་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་པ་དང་། གསར་གཏོད་ལག་ལེན་ཁྲོད་འཇོན་ཐང་ཆེ་རུ་བཏང་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ན་གཞོན་གྱི་མཛའ་བརྩེ་གཏིང་ཟབ་ཏུ་བཏང་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསར་གཏོད་ནི་མིའི་རིགས་ཡར་ཐོན་ཡོང་བའི་འབྱུང་ཁུངས་ཡིན་པ་དང་། ན་གཞོན་ནི་གསར་གཏོད་ཀྱི་སྟོབས་ཤུགས་གལ་ཆེན་ཡིན། ཁྱོད་ཚོས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གསར་གཏོད་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ཕུལ་ནས་བྱས་རྗེས་འཇོག་དགོས། སྤྱི་ཚོགས་ཡོངས་ཀྱིས་ན་གཞོན་རྣམས་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སེམས་ཁུར་བྱེད་པ་དང་། གསར་གཏོད་དང་ལས་སྐྲུན་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། རྒྱ་ཆེའི་ན་གཞོན་རྣམས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་སྟེང་རང་གི་འཇོན་ཐང་སྔར་ལས་ལེགས་པར་མངོན་དུ་འཇུག་དགོས།
ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་སྡུར་ཆེན་མོ་དེ་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་མཉམ་དུ་གཙོ་སྒྲུབ་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ལས་སྟེགས་འདོན་སྤྲོད་བྱ་ཆེད་རེད། ད་ལོའི་འགྲན་སྡུར་ཆེན་མོའི་ནང་རྒྱལ་ཁབ་དང་ས་ཁུལ153གྱི་སློབ་ཆེན་སློབ་མ་བྱེ་བ་གཉིས་ལྷག་ཙམ་ཞུགས་པ་དང་། དེའི་ནང་རྒྱལ་སྤྱིའི་སློབ་མ་ཁྲི་བཞི་ཙམ་ཡོད་པ་དང་རྟིང་རྩོད་འགྲན་སྡུར་ཧྲང་ཧའེ་རུ་བསྡུས། ཉེ་ལམ། འགྲན་སྡུར་ལ་ཞུགས་པའི་སློབ་མའི་འཐུས་མི25ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་འགྲན་སྡུར་ལ་ཞུགས་པའི་མྱོང་ཚོར་སྙན་ཞུར་ཕུལ་བར་མ་ཟད། གསར་གཏོད་ཀྱི་ལག་ལེན་ལ་ཞུགས་པ་དང་དུས་རབས་ཀྱི་འགན་འཁྲི་ཁུར་ཕོད་པའི་ཆོད་སེམས་ཀྱང་མཚོན་པར་བྱས།
ཤ་བོ་རིན་མཚོས་བསྒྱུར།