ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་བར་དམིགས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཡིན་ཞིང་། ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། འཁོར་སྐྱོད་བེད་སྤྱོད་དང་སྙིགས་རོ་ཁྱད་སྟོབས་སུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་སྐུལ་ཁྲིད་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་ཕྲེང་འབྲེལ་ཐོགས་མེད་ཡོང་བར་ཤུགས་སྣོན་པ། རྒྱལ་ཡོངས་རང་བཞིན་དང་བྱེད་ནུས་རང་བཞིན་ལྡན་པའི་ཐོན་ཁུངས་ཚུར་སྡུད་བྱས་ནས་ཡང་བསྐྱར་བེད་སྤྱོད་བྱེད་པའི་ལས་སྟེགས་སྐྲུན་པ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁྲིའི་ཁག་ཁུར་བློ་ལ་བརྟན་པོར་འཆང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་པ། རིམ་པ་མང་བ་དང་ལངས་གཟུགས་ཅན་། ལས་ཕྱོད་ཆེ་བ་བཅས་ཀྱི་ཐོན་ཁུངས་ཚུར་སྡུད་བྱས་ནས་ཡང་བསྐྱར་བེད་སྤྱོད་བྱེད་པའི་མ་ལག་འཛུགས་པ། རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་འགུལ་སྐྱོད་གསར་པ་དོན་འཁྱོལ་བྱེད་པ། འཛམ་གླིང་གི་ཐོན་ཁུངས་རྩེ་གྲ་འཁོར་སྐྱོད་དང་ཡང་བསྐྱར་བེད་སྤྱོད་བྱེད་པའི་ཐོན་ལས་སྡེ་ཚོགས་འཛུགས་སྐྲུན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་ལ་འགན་ལེན་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་པའི་ཚོགས་ཆེན་ཐེན་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གི་མཆན་འགོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ལས་འགན་གཙོ་བོ་དང་འགན་འཁྲི་གཙོ་བོར་དམིགས་པ་རྒྱུན་འཁྱོངས་དང་། བྱེད་ནུས་ཀྱི་གནས་ཐིག་ཁོང་དུ་བརྟན་པོར་ཆུད་པ། ལག་རྩལ་གསར་སྐྲུན་དང་དོ་དམ་གསར་སྐྲུན། ཚོང་ལས་དཔེ་དབྱིབས་གསར་སྐྲུན་བཅས་ཇེ་དྲག་ཏུ་གཏོང་བ། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱེད་པའི་ཕྲེང་འབྲེལ་ཐོགས་མེད་ཡོང་བར་ཤུགས་སྣོན་པ། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ། “རྒྱལ་ཁབ་རུ་ཁག”གི་སྣེ་འདྲེན་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ཏེ། རང་རྒྱལ་གྱི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱེད་པའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་མེན་ཨར་ཀུང་ཟི་འཛུགས་པའི་ཚོགས་ཆེན་ལ་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཐེན་ཅིན་གྲོང་ཁྱེར། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ལས་རིགས་མཐུན་ཚོགས་ཀྱི་འགན་ཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།