ཞི་ཅིན་ཕིང་གིས་གསར་དུ་བདམས་ཐོན་བྱུང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ11པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ནཱ་ཏི·ཐིུལང་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོ་ཨ་མེ་རི་ཁའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་ཀར་ཕན་པ་ཐོབ་ངེས་པ་དང་། ཕན་ཚུན་བར་འཐབ་རྩོད་བྱས་ན་རྒྱལ་ཁབ་གཉིས་ཀར་གནོད་པ་ཐེབས་ངེས་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་ཡང་དག་བྱས་ཡོད། བརྟན་པོ་ཡིན་ལ་བདེ་ཐང་ཡིན་པ། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་པ་བཅས་ཀྱི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་ལྟོས་དང་ཀུན་ནས་མཐུན་པས། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕན་ཚུན་བར་གྱི་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་ཡང་དག་པའི་མཉམ་འདྲིས་བགྲོད་ལམ་སྟེང་བསྐྱོད་དེ། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པ་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཀྲན་མུའུ་སི·ཝན་སིར་གློག་འཕྲིན་བཏང་ནས། ཁོ་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།