ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མཇལ་འཕྲད་གནང་།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མཉམ་འདྲེས་གང་ལེགས་བྱུང་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་འཇར་པན་ནི་ཕན་ཚུན་ཁྱིམ་མཚེས་ཡིན་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱོགས་གཉིས་ལས་བརྒལ་བའི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ལས་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་གཞིར་བཟུང་ནས། ཀྲུང་གོ་དང་འཇར་པན་གྱི“ཕན་ཚུན་མཉམ་ལས་ཀྱི་ཟླ་གྲོགས་ཡིན་པ་ལས་ཕན་ཚུན་བར་འཇིགས་སྐུལ་བྱེད་དགོས་པའི་ཚད་དུ་སླེབས་མེད་པའི”ཐུན་མོང་གི་ངོས་འཛིན་གལ་ཆེན་བརྟན་སྲུང་བྱས་ཏེ། མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་གཉིས་ཕན་འཐབ་ཇུས་ཀྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་མཐུན་ཞིང་དགེ་མཚན་ལྡན་ལ་བརྟན་བརླིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་རྩེ་གཅིག་ཏུ་གཞོལ་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཡིན་པ་དང་། འཇར་པན་སོགས་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ལ་མཚོན་ན་སྔར་ལས་ཀྱང་གོ་སྐབས་ཤིག་ཡིན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཡང་དག་པའི་སྒོ་ནས་ཕན་ཚུན་ཤེས་རྟོགས་བྱེད་རྒྱུ་དང་། འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་མཐོང་རྒྱ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་པ། ཕྱོགས་གཉིས་ཀའི་བར་བྱུང་བའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དེ་ཞིབ་ཕྲའི་སྲིད་ཇུས་དང་བྱ་སྤྱོད་དངོས་ཀྱི་ཁྲོད་ནས་མངོན་གང་ཐུབ་བྱེད་པ། ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ། ལོ་རྒྱུས་དང་ཐའེ་ཝན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐག་གཅོད་འོས་འཚམ་བྱེད་པ། དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་དང་ས་གནས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་དང་ལྷག་པར་དུ་གཞོན་ནུའི་མི་རབས་ཀྱིས་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་ཁེ་ཕན་དང་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་ཟབ་སྤེལ་བྱས་ནས། ཕྱོགས་གཉིས་ཀས་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་རང་མོས་ཚོང་དོན་མ་ལག་འཐུས་ཚང་ཡོང་བ་དང་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བ། ཤར་གཏོང་ཐུབ་པ་བཅས་ཀྱི་ཐད་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ནས་རོགས་རམ་བྱ་རྒྱུར་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་རྒྱུ་དང་སྒོ་འབྱེད་ས་ཁོངས་རིང་ལུགས་དར་སྤེལ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཞེས་ནན་བཤད་གནང་།

ཧྲི་ཕོ་མའོ་ཡིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ལྡན། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་བར་འབྲེལ་ཐག་གཅོད་འདོད་གཏན་ནས་མེད། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་རྒྱུ་དང་། དཔལ་འབྱོར་ཚོང་དོན་དང་ལྗང་མདོག་འཕེལ་རྒྱས། སྨན་བཅོས་ཁམས་གསོ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་མང་ཐོབ་པ་བཅས་བྱ་རྒྱུའི་རེ་ལྟོས་ཆེ། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།