རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་པའེ་ཏིན་ལ་མཇལ་འཕྲད་གནང་།
2024.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨ་རིའི་ཙུང་ཐུང་པེ་ཏིན་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨ་རིའི་ཙུང་ཐུང་པའེ་ཏིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་པའེ་ཏིན་ལ་ཡང་བསྐྱར་ཐུག་པར་ཤིན་ཏུ་དགའ་ཡོད། འདས་པའི་ལོ་བཞིའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འཕར་རྒུད་ཆེ་ནའང་། འུ་གཉིས་ཀྱི་སྣེ་ཁྲིད་འོག་ནས། གྲུབ་འབྲས་ལྡན་པའི་གླེང་མོལ་དང་མཉམ་ལས་བྱས་ནས་སྤྱིའི་ཆ་ནས་བརྟན་འཇགས་བྱུང་ཡོད།

ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རིང་གི་ཉམས་མྱོང་དང་བློ་འབྱེད་ཀྱི་དཔང་བོ་ཡིན། གལ་ཏེ་རྒྱལ་ཁབ་གཉིས་ཁྱོད་བཟང་ང་བཟང་དང་གྲོགས་པོ་བཟང་བོ་བྱས་ནས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ། ཕན་ཚུན་ལ་ཕན་ཁེ་ཐོབ་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཡུན་རིང་འཕེལ་རྒྱས་སུ་འགྲོ་ཐུབ། གལ་ཏེ་ཕ་རོལ་པ་འགྲན་ཡ་དང་དགྲ་བོ་རུ་བརྩིས་ཚེ། འགྲན་རྩོད་ངན་ཕྱོགས་སུ་གྱུར་ནས། ཕན་ཚུན་གནོད་འཚེ་ཕོག་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་ལ་བར་ཆད་འབྱུང་ཞིང་ཕྱིར་སྣུར་བྱ་སྲིད།

དེང་སྐབས་ཀྱི་འཛམ་གླིང་ནི་ཟིང་ཆ་ཆེ་ལ་གདོང་ཐུག་བྱུང་ཐེངས་མང་བ་དང་། གནད་དོན་གསར་རྙིང་ཚང་མ་བསྣོལ་སྡེབས་བྱས་ཡོད་པས། མིའི་རིགས་སྔ་ན་མེད་པའི་འགྲན་རྩོད་གསར་པར་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་བར་འགྲན་རྩོད་བྱེད་པ་ནི་དུས་རབས་ཀྱི་སྣང་ཚུལ་ཡིན་མི་འོས། མཐུན་སྒྲིལ་རོགས་རེས་བྱས་ཚེ་ད་གཟོད་དཀའ་ངལ་མཉམ་སེལ་བྱེད་ཐུབ། སྐབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་བཅོས་དར་རྒྱས་བྱུང་དང་འབྱུང་བཞིན་འདུག་ལ། ཕན་ཚུན་འབྲེལ་ཐག་གཅོད་པ་ནི་ཐག་གཅོད་ཀྱི་ཐབས་ལམ་མིན་པར།  མཉམ་ལས་གཉིས་ཕན་བྱས་ཚེ་ད་གཟོད་ཐུན་མོང་འཕེལ་རྒྱས་འབྱུང་ཐུབ། ཁྱུ་ཚོགས་ལོགས་དགར་བྱེད་པ་ནི་རྒྱལ་ཁབ་ཆེན་མོའི་སྒྲུབ་སྟངས་མིན། སྒོ་འབྱེད་མཉམ་སྤྱོད་བྱས་ན་ད་གཟོད་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། གནམ་འོག་གི་བདེ་སྡུག་ལ་ཕན་པའི་འཆར་གཞི་བཟོས་ནས། དེང་གི་འགྱུར་བ་རྒོད་པའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་སྣོན་འོས་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་འོས།

ངས་བསམ་ན། འཛམ་གླིང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་འཇགས་འཕེལ་རྒྱས་ཡོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྐྱིད་སྡུག་དང་མིའི་རིགས་ཀྱི་ལས་དབང་གི་འདུན་མ་དང་འབྲེལ་ཡོད་པར་སྙམ། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་རྐང་བཙུགས་ནས། ཤེས་རབ་ཀྱི་གདམ་ག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཞིག་བཙལ་ཏེ། ཀྲུང་གོ་དང་ཨ་རི་གཉིས་སྐར་མའི་གོ་ལ་འདིའི་སྟེང་དུས་ཡུན་རིང་བོར་ཞི་བདེ་མཉམ་གནས་བྱ་རྒྱུ་མངོན་འགྱུར་བྱེད་དགོས།

ཨ་མེ་རི་ཁས་འདེམས་བསྐོ་བྱས་མ་ཐག་རེད། ཀྲུང་གོ་ཕྱོགས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་འཇགས་དང་བདེ་ཐང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་དམིགས་འབེན་ལ་འགྱུར་བ་མེད། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྩ་དོན་ལ་འགྱུར་བ་མེད། རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་མེད། ཀྲུང་གོ་དང་ཨ་རིའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པའི་རེ་འདུན་ལ་འགྱུར་བ་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་སྲིད་གཞུང་བར་དུ་གླེང་མོལ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་བརྟན་འཇགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།