རང་རྒྱལ་གྱིས་རང་བདག་ཇུས་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་མོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ“ཕུགས་འདུན”རྟགས་ཅན་ཡོངས་འགྲུབ་བྱས་ཏེ་ཚེས17ཉིན་ཀོང་ཀྲོའུ་རུ་དངོས་སུ་གྲལ་དུ་འཁོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། “ཕུགས་འདུན”རྟགས་ཅན་གྱི་མཚོ་ཐོག་གི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དང་འབྲེལ་ཏེ་དངོས་སུ་གྲལ་དུ་འཁོད་པ་འདིའི་སྟེང་ནས། རང་རྒྱལ་འདི་ཉིད་རྒྱ་མཚོའི་གཏིང་དུ་བསྐྱོད་པ་དང་རྒྱ་མཚོའི་གཏིང་དུ་སོང་ནས་བརྟག་ཞིབ་ཚད་ལེན་བྱེད་པ། རྒྱ་མཚོའི་གཏིང་དུ་སོང་ནས་གསར་སྤེལ་བྱེད་པ་བཅས་ཀྱི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཐུབ་ལ། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་ནས་ཡང་བསྐྱར་གྲུབ་འབྲས་གལ་ཆེན་བླངས་པ་ཞིག་རེད། ཁྱོད་ཚོས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གསར་འབྱེད་གསར་གཏོད་དང་མཐུན་སྒྲིལ་རོགས་རེས། མཁྲེགས་གཏོར་དཀའ་སེལ། ཡང་རྩེར་སྙེག་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ཞིག་ལས་རིམ་པར་བརྒལ་ནས། དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་མི་སྣའི་རང་རྟོན་རང་དར་དང་འགན་འཁྲི་ཁག་ཁུར་ལེགས་པར་མཚོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཁྱོད་ཚོས་འབད་འབུངས་ལྷོད་མེད་བྱས་ནས་ཚན་རྩལ་གྱི་སྒྲིག་ཆས་གལ་ཆེན་དེ་ཡག་པོར་སྤྱོད་རྒྱུ་དང་། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། རྒྱལ་སྤྱིའི་རྒྱ་མཚོའི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།