ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྗེས་ཆེད་བཏང་གནམ་གྲུར་བཞུགས་ཏེ་པ་ཞི་ལིས་ཡ་དང་བྲལ།
2024.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ས་དེའི་དུས་ཚོད་ཟླ11པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ཚར་བ་དང་པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་རྗེས་ཆེད་བཏང་གནམ་གྲུར་བཞུགས་ནས་ཕྱིར་རང་རྒྱལ་དུ་ལོག

ཞི་ཅིན་ཕིང་པ་ཞི་ལིས་ཡ་དང་འབྲལ་སྐབས། པ་ཞི་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡི་པུའུ་ཀྲང་ཧྥ་ཝ་ལའོ་དང་། གཏེར་ཐོན་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཞི་ཨར་ཝེ་ལཱ། གྲུ་ཁ་དང་གནམ་གྲུ་ཐང་གི་པུའུ་ཀྲང་ཁི་སི་ཐཱ། པ་ཞི་ལིས་ཡའི་མཁའ་དམག་རྟེན་གཞིའི་དམག་སྤྱི་མིས་ཀི་ཨར་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་སྐྱེལ་མ་ཞུས།

ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་གནམ་གྲུ་ཐང་དུ་སྐྱོད་པའི་ལམ་བར་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་པ། ཀྲུང་གོའི་དངུལ་གཏོང་སྒྲིག་གཞི། ཕྱི་འགྲིམ་སློབ་མའི་འཐུས་མི་བཅས་ཀྱིས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལག་ཏུ་བཟུང་ནས། སྐད་གསང་མཐོན་པོས“མཛའ་མཐུན་ཁྲི་ལོར་བརྟན་པར་ཤོག”ཅེས་ཟེར་ཞོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ལ་བདེ་བླག་ངང་འཚམས་འདྲི་གནང་བར་རྟེན་འབྲེལ་ཞུས།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་རྣམས་ཀྱང་གནམ་གྲུ་གཅིག་ཏུ་བསྡད་དེ་པ་ཞི་ལིས་ཡ་དང་བྲལ།

བན་དེ་སྐྱབས་ཀྱིས་བསྒྱུར།